རཱ་མ་ཎའི་རྟོགས་བརྗོད་བོད་འགྱུར་མ་ཆ་ཚང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

རཱ་མ་ཎའི་རྟོགས་བརྗོད་བོད་འགྱུར་མ་ཆ་ཚང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།:   ཀློག་གྲངས།: སྤེལ་དུས། : 2018-06-06 20:50:18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 
རཱ་མ་ཎའི་རྟོགས་བརྗོད་བོད་འགྱུར་མ་ཆ་ཚང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ།
tAF康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     ཉེ་ལམ། རྒྱ་གར་གྱི་དྲང་སྲོང་གྲོག་མཁར་གྱིས་བརྩམས་པའི《རཱ་མ་ཎའི་རྟོགས་བརྗོད》སྡེ་ཚན་བདུན་དང་དེབ་བརྒྱད་ཀྱི་བདག་ཉིད་ཅན་དེ་ཀྲུང་གོ་མི་རིགས་ཡིག་སྒྱུར་ཁང་བོད་ཡིག་ལོ་ཙཱ་ཁང་གི་ལོ་ཙཱ་བ་ཨོ་རྒྱན་གྱིས་ཆ་ཚང་བོད་ཡིག་ཏུ་བསྒྱུར་ཅིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་པར་དུ་བསྐྲུན། གཤམ་ནས་དེའི་སྐོར་ངོ་སྤྲོད་མདོར་བསྡུས་བྱེད་པར་བྱ་སྟེ།
     རཱ་མ་ཎའི་རྟོགས་བརྗོད་དང་བྷ་ར་ཏ་ཆེན་མོའི་གཏམ་རྒྱུད་གཉིས་ནི་གནའ་བོའི་རྒྱ་གར་གྱི་དཔའ་བོའི་བྱུང་བ་བརྗོད་པའི་སྙན་ངག་རིང་མོ་གཉིས་ཡིན། རྒྱ་གར་དུ་རཱ་མ་ཎའི་རྟོགས་བརྗོད་ལ་ཆེས་ཐོག་མའི་སྙན་ངག་ཏུ་བརྗོད་ཅིང་རྒྱ་གར་རྩོམ་རིག་དང་འཛམ་གླིང་རྩོམ་རིག་གི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་ཞིང་རྩོམ་རིག་དང་རིག་གནས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་། བསྟན་བཅོས་གྲགས་ཅན་འདི་རང་རེ་བོད་ལ་གནའ་ནས་སྐད་གྲགས་ཆེ་ན་ཡང་དུས་ད་ལྟའི་བར་དུ་རྒྱ་གར་གྱི་དྲང་སྲོང་གྲོག་མཁར་གྱིས་བརྩམས་པར་གྲགས་པའི་རཱ་མ་ཎའི་རྟོགས་བརྗོད་ཆ་ཚང་བོད་ལ་འགྱུར་མེད་པས། འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་སུ་ལ་ཡང་ཆ་རྒྱུས་མེད་པར་སྣང་། བདག་གིས་བསྟན་བཅོས་འདི་བོད་ལ་གལ་ཆེ་བར་མཐོང་སྟེ་རྒྱའི་མཁས་པ་ཆེན་མོ་སྐུ་ཞབས་ཅིས་ཞན་ལིན་གྱི་རྒྱ་འགྱུར་མའི་སྟེང་ནས་བོད་སྐད་དུ་སྒྱུར་བའི་ལས་ལ་ཞུགས་པ་ཡིན། ཡིག་སྒྱུར་གྱི་དགོས་མཁོའི་དབང་གིས་བདག་གིས་རཱ་མ་ཎའི་རྟོགས་བརྗོད་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་འགའ་རེར་ཟུར་ལྟ་བྱས་མྱོང་། དེ་ལས་ཐོབ་པའི་ངོས་ཟིན་འགའ་རང་དང་སྐལ་མཉམ་རྣམས་ལ་བསམ་འཆར་བརྗེ་རེས་ཀྱི་ཚུལ་དུ་འབུལ་བར་བྱ།tAF康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།tAF康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     རཱ་མ་ཎའི་རྟོགས་བརྗོད་ཀྱི་གླེགས་བམ་དང་པོ་གཞོན་ནུའི་སྡེ་རུ་འདིའི་རྩོམ་པ་པོ་དྲང་སྲོང་གྲོག་མཁར་ཡིན་པར་བཤད། རྒྱ་གར་དུ་དྲང་སྲོང་འདིའི་སྐོར་གྱི་བཤད་རྒྱུན་ཤིན་ཏུ་མང་། ལ་ལས་དྲང་སྲོང་ཞིག་ཡིན་པར་འདོད། ཁ་ཅིག་གིས་བྱ་རྒྱལ་ཁྱུང་ཆེན་གྱི་བུ་ཡིན་པར་བཤད། ཁོང་ཉིད་རཱ་མ་ཎའི་རྟོགས་བརྗོད་འདི་བརྩམས་པ་ལ་བརྟེན་ནས་རྒྱ་གར་རྩོམ་རིག་ལོ་རྒྱུས་ཐོག་གི་ཆེས་ཐོག་མའི་སྙན་ངག་མཁན་དུ་གྱུར་བ་རེད།tAF康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །


རཱ་མ་ཎའི་རྟོགས་བརྗོད་ཆ་ཚང་རྒྱ་ཡིག་ཏུ་སྒྱུར་མཁན་ཅིས་ཞན་ལིན་ལགས་དང་བོད་ཡིག་ཏུ་སྒྱུར་མཁན་ཨོ་རྒྱན་ལགས་གཉིས་ཀྱི་མཉམ་པར། 
     གྲོག་མཁར་ཞེས་པའི་མིང་འདི་ཇི་ལྟར་བྱུང་བའི་སྐོར་ལ་བཤད་ཚུལ་མི་འདྲ་བ་འགའ་མཆིས་ཏེ། བཤད་ཚུལ་ཞིག་ལ་ཁོ་ལོ་ངོ་མང་པོའི་རིང་དཀྱིལ་དྲུང་དུ་བཞུགས་ཏེ་བསམ་གཏན་ལ་ཞུགས་ཤིང་ལུས་ཡོངས་རྫོགས་གྲོག་མས་ཁེངས་ཏེ་མཁར་ལྟ་བུར་གྱུར་བས་མིང་ལ་དེ་སྐད་ཐོགས་པ་ཡིན་པར་བཤད། བཤད་ཚུལ་གཞན་ཞིག་ནི་ཅུང་རྒྱས་ཏེ། ཁོ་བྲམ་ཟེའི་རིགས་སུ་འཁྲུངས་ཤིང་གཞོན་དུས་ཕ་མས་བོར་བས་ནགས་སུ་འཁྱམས། དེར་རྐུན་ཇག་གི་ལས་བྱེད་པའི་དམུ་རྒོད་ཅིག་གིས་ཁོ་གསོས། རྐུན་མའི་རིག་པ་བསླབས་པས་བྱང་བར་ཤེས་ཏེ་རྐུན་ཇག་འཕྲོག་བཅོམ་དང་མི་གསོད་པའི་ལས་བྱས་ཤིང་ཚོང་འགྲུལ་བ་ལ་གནོད་པ་བྱས། དེ་ལྟར་ལོ་འགའ་འདས་པའི་ཉིན་ཞིག་ཁོ་དྲང་སྲོང་ཞིག་དང་འཕྲད་དེ་དེར་རྒྱུ་ནོར་སྤྲོད་ཅིག མི་སྤྲོད་ན་སྲོག་འཕྲོག་པར་བྱའོ་ཞེས་འཇིགས་བསྐུལ། དྲང་སྲོང་གིས་ཁོ་ལ་རང་ཁྱིམ་དུ་ལོག་ལ་ཆུང་མའི་ངག་ལ་ཉོན་ཅིག་ཅེས་གདམས། ཁོ་འུ་ཐུག་སྟེ་ཁྱིམ་དུ་ལོག དྲང་སྲོང་གིས་ཁོར་མརཱ་ཞེས་པ་འདི་ཡང་ཡང་འདོན་དུ་བཅུག མརཱ་ནི་རཱམ་ཞེས་པ་ལྡོག་པ་རེད། དྲང་སྲོང་གིས་དེ་ལྟར་གདམས་རྗེས་མི་སྣང་བར་གྱུར། ཁོ་དེ་རུ་འགྲེང་སྟེ་ཡུན་རིང་འགོར། རིམ་གྱིས་ལུས་ལ་གྲོག་མས་ཁེངས་ཤིང་གཡོགས། སྐབས་དེར་སྔོན་གྱི་དྲང་སྲོང་དེ་གློ་བུར་དུ་བྱུང་སྟེ་ཁོ་ལ་དངོས་གྲུབ་བསྩལ། དེ་ནས་བཟུང་སྟེ་དྲང་སྲོང་ཆེན་པོར་གྱུར་ཅིང་མིང་ལ་གྲོག་མཁར་ཞེས་ཐོགས། ཉིན་ཞིག་ཁོས་མཆོད་སྦྱིན་བྱེད་བཞིན་པའི་སྐབས་སུ་འདོད་པ་སྤྱོད་བཞིན་པའི་ཆུ་སྐྱར་ཕོ་མོ་གཉིས་ལས་ཕོ་དེ་རྔོན་པ་ཞིག་གིས་མདས་བསད་པ་མཐོང་སྟེ་ཡིད་མྱ་ངན་དང་སྙིང་རྗེའི་ངང་ནས་ཤོ་ལོ་ཀ་ཞིག་ཐོལ་བྱུང་དུ་ངག་ལ་གྱེར། སྐབས་དེར་ཚངས་པ་ཆེན་པོ་གློ་བུར་དུ་ནམ་མཁའ་ནས་བབས་ཏེ་ཁོ་ལ་རཱ་མ་ཎའི་རྟོགས་བརྗོད་རྩོམ་དགོས་པའི་སྐུལ་མ་གནང་བ་རེད་ཅེས་སོགས་མང་པོ་བཤད།
     གོང་གི་བཤད་ཚུལ་འདི་དག་ལ་ལྷ་སྒྲུང་གི་ཁྱད་ཆོས་ལྡན་པས་ང་ཚོ་རྩ་བ་ནས་ཡིད་ཆེས་རྒྱུ་དཀའ་ན་ཡང་། རྒྱུ་མཚན་འདི་ལ་བརྟེན་ནས་གྲོག་མཁར་ཞེས་པ་ལྷ་སྒྲུང་ནང་གི་མི་སྣ་ཞིག་ཏུ་བརྩིས་ཏེ་དེ་འདྲའི་མི་ཞིག་བྱུང་མ་མྱོང་བར་ཐག་བཅད་ན་མི་རུང་། ཡིན་ན་ཡང་གནའ་བོའི་རྒྱ་གར་གྱིས་ལོ་རྒྱུས་དེབ་ཐེར་ཏུ་འགོད་པར་མཐོང་ཆེན་མི་བྱེད་པས་དུས་ད་ལྟའི་བར་དུ་ང་ཚོ་ལ་གྲོག་མཁར་ཞེས་པའི་མི་ཞིག་ལོ་རྒྱུས་ཐོག་ཏུ་དངོས་སུ་བྱུང་མྱོང་བ་དང་། དེ་རཱ་མ་ཎའི་རྟོགས་བརྗོད་ཀྱི་རྩོམ་པ་པོ་ཡིན་པའི་བདེན་དཔང་ཁུངས་ཐུབ་ཅིག་མེད་ལ། དེ་ལོ་རྒྱུས་ཐོག་དངོས་སུ་བྱུང་མ་མྱོང་བ་དང་། རཱ་མ་ཎའི་རྟོགས་བརྗོད་ཀྱི་རྩོམ་པ་པོ་མིན་པའི་བདེན་དཔང་ཁུངས་ཐུབ་ཅིག་ཀྱང་མེད། ཡིན་ན་ཡང་རཱ་མ་ཎའི་རྟོགས་བརྗོད་ཀྱི་གླེགས་བམ་གཉིས་པ་ནས་དྲུག་པའི་བར་གྱི་བརྗོད་བྱ་འབྲེལ་ཆགས་ཤིང་རྩོམ་གཤིས་གཅིག་གྱུར་ཡིན་པས། གལ་ཏེ་དེ་ལ་ངེས་གཏན་གྱི་རྩོམ་པ་པོ་ཞིག་ཡོད་ན་དེ་ནི་དྲང་སྲོང་གྲོག་མཁར་རེད་ཅེས་བརྗོད་ན་ཡང་འགལ་བ་མེད་པར་སྙམ།
     དེས་ན་གྲོག་མཁར་ནི་ང་ཚོས་ད་ལྟ་མཐོང་ཐུབ་པའི་རཱ་མ་ཎའི་རྟོགས་བརྗོད་སྡེ་ཚན་བདུན་དང་གླེགས་བམ་བརྒྱད་ཀྱི་བདག་ཉིད་ཅན་འདིའི་རྩོམ་པ་པོ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། རཱ་མ་ཎའི་རྟོགས་བརྗོད་ཀྱི་ཐོག་མའི་རྣམ་པའམ་དེའི་བརྗོད་བྱར་གྱུར་བའི་གཏམ་རྒྱུད་རགས་པ་ནི་རྒྱ་གར་དམངས་ཁྲོད་དུ་དུས་སྔ་མོ་ནས་བྱུང་ཞིང་དེ་ནི་དོན་བརྗོད་སྙན་ངག་དང་། བསྟོད་པའི་སྙན་ངག་ཐུང་ངུ་སོགས་ཀྱི་རྣམ་པར་ཁ་ཐོར་དུ་ཡོད། དེ་དག་རིམ་བཞིན་དམངས་ཁྲོད་སྒྲུང་བ་རྣམས་ཀྱིས་སྙན་ནས་སྙན་དང་ངག་ནས་ངག་ཏུ་བརྒྱུད་སྤེལ་བྱས། བརྒྱུད་རིམ་འདིའི་ཁྲོད་རིམ་བཞིན་མ་ལག་ཇེ་རྒྱས་དང་བྱུང་རིམ་འཐུས་ཚང་། རྗོད་བྱེད་ཇེ་སྙན་དུ་བཏང་། དེ་ལྟར་དྲང་སྲོང་གྲོག་མཁར་གྱི་སྙན་དུ་བརྒྱུད་པ་ན་ཁོང་གིས་གཏམ་རྒྱུད་དམ་ངག་རྒྱུན་དེ་དག་ཕྱོགས་བསྡུས་དང་ལེགས་སྒྲིག་བྱས་ཏེ་གཞུང་ཆེན་མོ་འདིའི་བརྗོད་བྱའི་ནང་དོན་གྱི་ཆ་ནས་གོང་བསྒྲིགས་ཤིང་གཏམ་རྒྱུད་ཆ་ཚང་ཞིག་ཏུ་བཏང་བ་དང་། རྗོད་བྱེད་ཚིག་ཉམས་ཀྱི་ཆ་ནས་ཚིག་རྒྱན་དང་མངོན་བརྗོད་ཀྱིས་བཅིངས་ཤིང་སྙན་ངག་གི་ཉམས་དང་ལྡན་པར་བྱས་ཏེ། ཆེས་ཐོག་མའི་སྙན་ངག་ཏུ་འབོད་པ་འདི་བརྩམས་པ་དང་། དེ་ལ་བརྟེན་ནས་རང་ཉིད་ཀྱང་ཆེས་ཐོག་མའི་སྙན་ངག་མཁན་དུ་གྱུར་བ་རེད།
བརྩམས་པའི་དུས།
     རཱ་མ་ཎའི་རྟོགས་བརྗོད་དུས་ནམ་ཞིག་ལ་བརྩམས་པའི་སྐོར་ལ་མཁས་པ་མང་པོའི་ལྟ་ཚུལ་མི་མཐུན་ཏེ། རྒྱ་གར་གྱི་མཁས་པ་མང་པོ་ཞིག་གིས་རིག་བྱེད་བཞི་བརྩམས་པའི་རྗེས་ནས་རཱ་མ་ཎའི་རྟོགས་བརྗོད་བརྩམས་པ་ཡིན་པར་འདོད། སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་པར་སླེབས་དུས་རྟོགས་བརྗོད་ལ་ད་དུང་ཁ་སྣོན་དང་ཁ་གསབ་བྱེད་བཞིན་འདུག་ཟེར། རྒྱ་གར་གྱི་མཁས་པ་ཅིན་ཏ་མ་ནུ་ཡིས་ངེས་བརྗོད་རིག་བྱེད་ཀྱི་བམ་པོ་བཅུ་བར་བྱུང་བའི་རཱ་མ་ཞེས་པ་ཤིང་རྟ་བཅུ་བའི་བུ་རཱ་མ་ཎ་ཡིན་པར་བཤད། དེས་ན་ངེས་བརྗོད་རིག་བྱེད་ཀྱི་བམ་པོ་བཅུ་བ་དུས་ནམ་བརྩམས་པའི་ལོ་ལ་ཡང་ལྟ་ཚུལ་མི་མཐུན་པ་ཡོད་དེ། ཡོ་རོབ་གླིང་གི་མཁས་པས་སྤྱི་ལོའི་སྔོན་གྱི་ལོ1500ནང་ཡིན་པར་འདོད།
གཞུང་ཚད་དང་བྱུང་རིམ།

རཱ་མ་ཎའི་རྟོགས་བརྗོད་ཆ་ཚང་བོད་ཡིག་ཏུ་སྒྱུར་མཁན་ཨོ་རྒྱན་ལགས།
     རཱ་མ་ཎའི་རྟོགས་བརྗོད་ལ་སྡེ་ཚན་བདུན་ཡོད། པར་གཞི་རྙིང་མར་ཤོ་ལོ་ཀ་ཉིས་ཁྲི་བཞི་སྟོང་ཡོད་པ་དང་། རྒྱ་གར་གྱི་པ་རོ་ཏ་ཤར་ཕྱོགས་ཞིབ་འཇུག་ཁང་གིས་དག་བསྒྲིགས་བྱས་པའི་པར་གཞིར་སྔར་བཞིན་སྡེ་ཚན་བདུན་ཡོད་མོད། དེ་ལས་བསྐྱར་བཟློས་དང་འབྲེལ་བ་ཆེར་མེད་པའི་ཚིགས་བཅད་མང་པོ་ཞིག་བསྡུས་ཏེ་ཤོ་ལོ་ཀ18755ཅན་དུ་བཏང་འདུག ད་ལྟ་བདག་ཅག་གིས་དངོས་སུ་མཐོང་ཐུབ་པའི་རྒྱ་འགྱུར་ཆ་ཚང་མ་འདི་ནི་སྐུ་ཞབས་ཅིས་ཞན་ལིན་གྱིས་པར་གཞི་འདིའི་སྟེང་ནས་བསྒྱུར་ཅིང་། སྡེ་ཚན་དྲུག་པ་སྟོད་ཆ་སྨད་ཆ་གཉིས་སུ་ཕྱེ་སྟེ་པར་སྐྲུན་བྱས་པས་བསྡོམས་པས་སྡེ་ཚན་བདུན་དང་གླེགས་བམ་བརྒྱད། ཡིག་འབྲུ་ཧ་ལམ་ཁྲི300ཙམ་ཡོད།
སྡེ་ཚན་དང་པོ། གཞོན་ནུའི་སྡེ། ལེའུ76ཤོ་ལོ་ཀ1941
སྡེ་ཚན་གཉིས་པ། འཐབ་བྲལ་གྲོང་གི་སྡེ། ལེའུ111ཤོ་ལོ་ཀ3170
སྡེ་ཚན་གསུམ་པ། ནགས་ཀྱི་སྡེ། ལེའུ71ཤོ་ལོ་ཀ2060
སྡེ་ཚན་བཞི་པ། སྤྲེའུའི་སྡེ། ལེའུ66ཤོ་ལོ་ཀ1984
སྡེ་ཚན་ལྔ་པ། མཛེས་པའི་སྡེ། ལེའུ66ཤོ་ལོ་ཀ2487
སྡེ་ཚན་དྲུག་པ། གཡུལ་གྱི་སྡེ། ལེའུ116ཤོ་ལོ་ཀ4435
སྡེ་ཚན་བདུན་པ། མཇུག་གི་སྡེ། ལེའུ100ཤོ་ལོ་ཀ2668
     བྱུང་རིམ་བརྗོད་པ་ལ། སྡེ་ཚན་དང་པོར་དྲང་སྲོང་ན་ར་ཏ་ཡིས་དྲང་སྲོང་གྲོག་མཁར་ལ་རཱ་མའི་གཏམ་རྒྱུད་དང་ཡོན་ཏན་བརྗོད། འདབ་ཆགས་གཉིས་འདོད་པ་སྤྱོད་པའི་སྐབས་སུ་རྔོན་པས་མདའ་འཕངས་ཏེ་གཅིག་བསད་པའི་ཚུལ་དྲང་སྲོང་གྲོག་མཁར་གྱིས་མཐོང་སྟེ་ཡིད་ལ་མྱ་ངན་སྐྱེས་ཏེ་ཐོལ་བྱུང་དུ་ཤོ་ལོ་ཀ་ཞིག་བརྩམས། ཚངས་པ་ཆེན་པོས་ཞལ་བསྟན་ཏེ་དྲང་སྲོང་གྲོག་མཁར་ལ་ཤོ་ལོ་ཀའི་ལམ་ནས་རཱ་མ་ཎའི་རྟོགས་བརྗོད་རྩོམ་སྐུལ་བྱས། དེས་བརྩམས་ཏེ་རཱ་མའི་སྲས་ལཱ་ཝ་དང་ཀུ་ཤ་གཉིས་ལ་བསླབས་པ། རྒྱལ་པོ་ཤིང་རྟ་བཅུ་བར་སྲས་མེད་པས་དྲང་སྲོང་ཤྭ་རྭ་གདན་དྲངས་ཏེ་སྲས་སློང་བའི་མཆོད་སྦྱིན་བྱས། ལྷ་རྣམས་ཀྱིས་ཁྱབ་འཇུག་ཤིང་རྟ་བཅུ་བའི་བུར་སྤྲུལ་ཏེ་སྲིན་པོ་འབོད་སྒྲོག་འདུལ་དགོས་པའི་གསོལ་བ་བཏབ། ཁྱབ་འཇུག་གིས་ཁས་བླངས་ཏེ་ཤིང་རྟ་བཅུ་བའི་བུ་བཞིའི་སྐྱེ་བ་བླངས། ཚངས་པ་ཆེན་པོས་འབོད་སྒྲོག་འདུལ་བའི་གྲོགས་སུ་ལྷ་རྣམས་ལ་སྤྲེའུ་སྐྲུན་པར་བསྐུལ། རཱ་མ་ཎ་དང་ནུ་བོ་ལ་ཀྵ་མ་ན་གཉིས་དྲང་སྲོང་སྣ་ཚོགས་བཤེས་གཉེན་གྱི་གྲོགས་སུ་ཕྱིན་ཏེ་སྲིན་པོ་ཏཱཊཀཱ་བསད། དྲང་སྲོང་སྣ་ཚོགས་བཤེས་གཉེན་གྱིས་རཱ་མར་ལྷའི་མཚོན་ཆ་གནང་བ་དང་། ཁོ་གཉིས་ལ་གོ་མཚོན་སྤྱོད་པའི་རིག་པ་བསླབས། དེ་ནས་རཱ་མ་སྤུན་གཉིས་མི་ཐི་ལཱའི་རྒྱལ་པོ་ཛ་ན་ཀས་ཕྱོགས་ཀྱི་དཔའ་བོ་རྣམས་ལ་རྩལ་འགྲན་དུ་བཅུག་སྟེ་རང་གི་བུ་མོ་སི་ཏཱ་ལ་ཁྱོ་ག་འདེམས་པའི་སར་ཁྲིད། རཱ་མས་ལྷའི་གཞུ་མོ་ཆེ་བདུངས་ཤིང་བཅག་སྟེ་ཀུན་ལས་རྣམ་པར་རྒྱལ་བས་སི་ཏཱ་ཆུང་མར་ཐོབ། རྒྱལ་བོ་ཛ་ན་གས་ཤིང་རྟ་བཅུ་བ་གདན་དྲངས་ཏེ་གཉེན་སྒྲིག་གི་དགའ་སྟོན་བཤམས། དགྲ་སྟ་རཱ་མས་རཱ་མ་དང་འཐབ་སྟེ་ཕམ། མཇུག་མཐར་རྒྱལ་བོ་ཤིང་རྟ་བཅུ་བས་སྲས་དང་མནའ་མ་དང་འཁོར་གཡོག་རྣམས་ཁྲིད་དེ་ཕྱིར་འཐབ་པ་མེད་པའི་གྲོང་དུ་ཕེབས། འདིའི་ནང་དུ་བར་བཅུག་གཏམ་རྒྱུད་མང་སྟེ། དྲང་སྲོང་སྣ་ཚོགས་བཤེས་གཉེན་གྱི་གདུང་རིགས་དང་། གངྒ་མི་ཡུལ་དུ་དྲངས་པ། གཞོན་ནུ་གདོང་དྲུག་སྐུ་བལྟམས་པ། རཱ་མ་ཎའི་མེས་པོའི་ལོ་རྒྱུས། ལྷ་རྣམས་ཀྱིས་རྒྱ་མཚོ་བསྲུབས་པ་སོགས་ཡོད།
     སྡེ་ཚན་གཉིས་པར་གཙོ་བོ་ཕོ་བྲང་ནང་གི་འགལ་བ་བརྗོད་ཡོད། དེ་ཡང་ཤིང་རྟ་བཅུ་བས་རཱ་མ་ཎ་རྒྱལ་སྲིད་ལ་འགོད་རྩིས་བྱས། བཙུན་མོ་ཀཻ་ཀ་ཡྰི་ནི་གཡོག་མོ་སྒུར་མོ་མན་ཐ་རཱ་ཡི་ངན་སྐུལ་འོག་རྒྱལ་བོ་ལ་རཱ་མ་ནགས་སུ་སྤྱུག་དགོས་པ་དང་རང་གི་བུ་བྷ་ར་ཏ་རྒྱལ་སྲིད་ལ་འགོད་དགོས་པའི་རེ་བ་ཞུས། རཱ་མ་ཎ་ནི་ཆུང་མ་སི་ཏཱ་དང་ནུ་བོ་ལ་ཀྵ་མ་ནར་མཉམ་དུ་ནགས་སུ་ཕྱིན། བྷ་ར་ཏ་ནགས་སུ་ཕྱིན་ཏེ་རཱ་མ་ཎ་སླར་གདན་འདྲེན་ཞུས་ཀྱང་མ་ཕེབས་པར་ལྷམ་ཆ་གཅིག་གནང་། བྷ་ར་ཏས་སྤྱི་བོར་བཀུར་ཏེ་སླར་ལོག་ནས་ཁྲི་ལ་བཞག་སྟེ་གོང་དུ་བཀུར་བ་དང་། རང་ཉིད་ལོགས་སུ་བཞུགས་ཏེ་རཱ་མའི་ཚབ་ཏུ་རྒྱལ་སྲིད་བསྐྱངས།
     སྡེ་ཚན་གསུམ་པར་གཏམ་རྒྱུད་ཀྱི་བྱུང་རིམ་ཕོ་བྲང་གི་འགལ་བ་དང་ལྐོག་གཡོ་ནས་མཐའ་ཡས་ནགས་ཀློང་སྟུག་པོའི་ཕྱོགས་སུ་འཁོར། རཱ་མ་སོགས་ནགས་སུ་སླེབས་པ་ན་དཀའ་ཐུབ་སྤྱོད་པའི་དྲང་སྲོང་རྣམས་ཀྱིས་སྲིན་པོའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་བཅོལ། རཱ་མས་ཁས་བླངས་ཤིང་སྲིན་པོ་འགའ་བསད། མགྲིན་བཅུའི་སྲིང་མོ་སེན་རྣོན་མས་རཱ་མར་འདོད་པའི་རྣམ་འགྱུར་བསྟན་པར་ལ་ཀྵ་མ་ནས་ཁོ་མོའི་སྣ་དང་རྣ་བ་བྲེགས། ཁོ་མོ་ཁྲོས་ཏེ་ནུ་བོ་ཁ་ར་གྲོགས་སུ་སྦྲན་པ་རཱ་མས་བསད། དེ་ནས་སེན་རྣོན་མས་མགྲིན་བཅུ་གྲོགས་སུ་སྦྲན་པས་དེས་སྲིན་པོ་མཱ་རཱི་ཙ་ཞེས་པ་གསེར་གྱི་ཤ་བར་སྤྲུལ་དུ་བཅུག་སྟེ་རཱ་མ་སྤུན་གཉིས་རྒྱང་དུ་དྲངས། ཤུལ་དུ་མགྲིན་བཅུས་གཡོ་ཐབས་ཀྱིས་སི་ཏཱ་ཕྲོགས།
     སྡེ་ཚན་བཞི་བར་རཱ་མ་སྤུན་གཉིས་ཀྱིས་མགྲིན་བཟང་དང་གྲོགས་བསྒྲིགས་པ་དང་། རཱ་མས་འབའ་ལེ་བསད་དེ་མགྲིན་བཟང་རྒྱལ་སྲིད་ལ་བཀོད། སྤྲེའུ་དམག་གིས་ཕྱོགས་བཞི་ཀུན་ཏུ་སི་ཏཱ་བཙལ།
     སྡེ་ཚན་ལྔ་བར་སྤྲེའུ་ཧ་ནུ་མཱན་ལང་ཀའི་གྲོང་དུ་མཆོངས་ཤིང་མྱ་ངན་མེད་པའི་སྐྱེད་ཚལ་ལས་སི་ཏཱ་རྙེད་དེ་རཱ་མའི་སོར་གདུབ་གཏད། དེ་ནས་ལང་ཀའི་གྲོང་ཁྱེར་མེར་བསྲེགས་རྗེས་རྒྱ་མཚོ་ལས་མཆོངས་ཏེ་ཕྱིར་རཱ་མའི་གམ་དུ་ལོག
     སྡེ་ཚན་དྲུག་པར་སྤྲེའུའི་དམག་དཔོན་ན་ལས་རཱ་མ་ཎའི་བཀའ་ལྟར་ཟམ་པ་བསྐྲུན། རཱ་མ་ཎས་ལང་ཀའི་གྲོང་ཁྱེར་ལ་སྤྲེའུའི་དམག་དྲངས་ཏེ་སྲིན་པོ་དང་འཐབ། རཱ་མ་ཎར་རྨས་ལྕི་མོ་ཕོག ཧ་ནུ་མཱན་གྱིས་སྨན་གྱི་རི་བོ་ཀེ་ལ་ཤ་ལག་པས་བཏེགས་ནས་འོངས་ཏེ་སྨན་རྩྭས་རཱ་མ་ཎའི་སྲོག་བསྐྱབས་རྗེས་རི་བོ་སླར་རང་གནས་སུ་བསྐྱལ། མཇུག་མཐར་སྲིན་པོ་མགྲིན་བཅུ་བསད་དེ་ཝིབྷཥཎ་རྒྱལ་སྲིད་ལ་བཀོད། སི་ཏཱ་སླར་ཐོབ་སྟེ་མཇུག་ཏུ་དགྱེས་འཛོམས་བྱུང་། རཱ་མ་སླར་འཐབ་བྲལ་གྲོང་དུ་ལོག་སྟེ་རྒྱལ་སྲིད་བསྐྱངས།
     སྡེ་ཚན་བདུན་པར་བརྗོད་བྱ་གཙོ་བོ་གཉིས་ཡོད་དེ། དང་པོ་སྲིན་པོ་ཇི་ལྟར་བྱུང་བ་དང་། མགྲིན་བཅུ་དང་ཧ་ནུ་མཱན་གྱི་བྱུང་བ་བརྗོད་ཡོད། གཉིས་པ་ནི་སི་ཏཱ་སླར་ཡང་རཱ་མ་དང་ཁ་བྲལ་བ་དང་། དྲང་སྲོང་གྲོག་མཁར་གྱིས་སི་ཏཱ་དང་མོའི་བུ་གཉིས་བདག་སྐྱོང་བྱས་པ། རཱ་མ་ཎའི་རྟོགས་བརྗོད་བརྩམས་པར་མ་ཟད། རཱ་མ་ཎ་སི་ཏཱ་མ་བུ་དང་ལྷན་འཛོམས་བྱུང་དུ་བཅུག་པ། སི་ཏཱ་ས་གཞིའི་ཁོངས་སུ་ནུབ་པ། རཱ་མས་རྒྱལ་སྲིད་བུ་གཉིས་ལ་གཏད་དེ་ཁོ་ཚོ་སྤུན་མཆེད་རྣམས་དགུང་དུ་གཤེགས་པ་སོགས་བརྗོད་ཡོད།
     ད་དུང་སྒྱུ་རྩལ་གྱི་ཁྱད་ཆོས་དང་། རྒྱ་གར་དང་འཛམ་གླིང་གི་མི་རིགས་གཞན་གྱི་རིག་གནས་ལ་ཤན་ཞུགས་ཚུལ། རང་རྒྱལ་གྱི་རྒྱའི་རྩོམ་རིག་ལ་ཤན་ཞུགས་ཚུལ། རང་རེ་བོད་ཀྱི་རྩོམ་རིག་ལ་ཤན་ཞུགས་ཚུལ་སོགས་མང་ཡང་རེ་ཞིག་འདི་ཙམ་གྱིས་ཆོག་པར་བྱའོ།།
     གོང་གི་འདི་དག་ནི་ཀློག་པ་པོ་རྣམས་གྲོག་མཁར་བའི《རཱ་མ་ཎའི་རྟོགས་བརྗོད》ལ་འཇུག་པའི་ཡན་ལག་ཏུ་ཕན་པར་རེ་ནས་བྲིས་པ་ཡིན་ནོ།།
རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论