སིངྒལའི་ལོ་རྒྱུས་སྐོར། དང་པོ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

སིངྒལའི་ལོ་རྒྱུས་སྐོར། དང་པོ།

ཡོང་ཁུངས། :   རྩོམ་པ་པོ། : དགེ་འདུན་ཆོས་འཕེལ།  ཀློག་གྲངས །: སྤེལ་དུས། : 2021-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        ༄༅། །འདིར་སིངྒལའི་སྐོར་གྱི་དཔེ་རིས་ཀྱང་མང་ཙམ་བྱུང་ཞིང་། སྤྱིར་སིངྒལའི་ལོ་རྒྱུས་ནི་ནགས་རིན་གྱི་རྣམ་ཐར་ན་ཅུང་ཞིག་གསལ་བ་དེ་ལས་གཞན་རང་ཅག་རྣམས་ལ་རྒྱུས་ཅུང་ཟད་ཙམ་ཡང་མེད་པ་དང་།ནང་པའི་རྒྱལ་ཁམས་ཆེན་པོ་རྣམས་ནི་ཕན་ཚུན་གཅིག་གིས་གཅིག་ལ་རྒྱུས་ཡོད་ཙམ་ཞིག་བྱུང་ན་ཙི་མ་རུང་སྙམ་པ་དང་།རྗེས་སོར་ཡང་གླིང་འདིར་སླེབས་མཁན་ཙམ་ནི་མང་དུ་འོང་ངེས་མོད། ཡུལ་གྱི་རྒྱུས་དང་རྒྱལ་རབས་སོགས་དཔྱིས་ཕྱིན་པ་ཞིག་ཤེས་པ་ནི་ཅུང་ཟད་བྱ་དཀའ་བར་ངེས་སྙམ་ནས།འདིར་གླིང་དེའི་རྣམ་པ་དང་། ཆོས་ཇི་ལྟར་བྱུང་བའི་ལོ་རྒྱུས་སོགས་མདོར་སྡུས་ཤིག་བྲི་བ་ལགས། བྲིས་པ་དེ་ཡང་། བསྟན་བཅོས་དང་། རྩོམ་དང་། གཞུང་ལ་སོགས་པ་ཅི་ཡང་མ་ཡིན་གྱི། ཁྱེད་ཅག་གི་རྣ་བ་དང་། ངའི་ཁ་ཡི་བར་ན་དཔག་ཚད་དུ་མས་ཆོད་པའི་རྒྱུ་མཚན་གྱིས། ལབ་ཏུ་མ་བདེ་བའི་སྐད་ཆ་ཁ་ཏ་རྣམས་ཡི་གེ་བྲིས་པ་ཡིན། དེས་ན་ཁ་ཏ་རིང་མོ་ཞིག་ཡི་གེར་བྲིས་པ་ཙམ་ལ། ཁ་མཆུ་ཆེན་པོ་ཞིག་མགོ་ལ་བཙུགས་ཏེ། ཉེས་པ་མེད་པར་སྡིགས་མོ་མང་པོ་མི་མཛད་པར་ཞུ། ཚིགས།UuO康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ༄༅། །སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །དེ་ཡང་མདོ་ལས་ཕྱི་མའི་དུས་ན་བསྟན་པ་ལྷོ་དང་བྱང་དུ་རྒྱས་པར་ལུང་བསྟན་པ་བཞིན་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་མཐར་ཐུག་པར་ཆགས་པའི་ནང་པའི་རྒྱལ་ཁམས་ཆེན་པོ་གསུམ་ལས་སིངྒལ་ནི་ཡུལ་གཞན་གཉིས་སུ་ཡང་ཉན་ཐོས་ཀྱི་སྡེ་སྣོད་དར་བའི་རྩ་བའི་འབྱུང་ཁུངས་ཉིད་ཡིན་པས།འདིར་ཐོག་མར་བཤད་པར་བྱའོ།།UuO康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       དེ་ལ་རྒྱ་གར་གྱི་གླིང་ཟུར་གསུམ་སོག་གའི་དབྱིབས་ཅན་གྱི་མཆུ་རིང་པོ་ལྷོ་ཕྱོགས་སུ་བསྟན་པའི་སྣེ་དང་ཉེ་བར་མངྷུར་སྟེ་སྦྲང་རྩིའི་ཡུལ་དང་། དེའི་ཤར་ལྷོ་ངོས་ནས་ས་ལག་ཆེན་པོ་ཞིག་རྒྱ་མཚོའི་དབུས་སུ་བརྐྱངས་པ་ལ་མནྡཡ་ཟེར། སྤྱིར་ཡུལ་འདི་ཀུན་སྙན་ངག་མེ་ལོང་ན་གསལ་བའི་ཙོལའི་ཡུལ་གྱི་ཆར་གཏོགས། ས་ལག་དེའི་མཐའ་ཟད་ནས་ལྕགས་ཟམ་ཤིན་ཏུ་རིང་པོ་ཞིག་གིས་རམེཤརཱའི་གླིང་དང་སྦྲེལ། དེར་གླིང་མཐའ་ཟད་པའི་སྒང་བརྒྱུད་མཚོ་འོག་ཏུ་ཤོར་བའི་རྐྱེན་གྱིས་རྒྱ་མཚོའི་དཀྱིལ་ན་ཕར་ལ་རླབས་ཆེན་པོའི་གདེངས་ཀ་སྐྱ་ཐལ་ལེ་བ། ངོ་མཚར་ཞིང་འཇིགས་སུ་རུང་བ་ཞིག་སྣང་ཞིང་། རང་རེའི་ལོ་རྒྱུས་འགར་ཡང་འདི་བཤད། འདི་མུ་སྟེགས་ཀྱི་སྒྲུང་ནས་བཤད་པའི་སྤྲེའུའི་ཟམ་པའི་ཤུལ་ཡིན་སྐད།རྭམེཤྭར། དགའ་བའི་དབང་ཕྱུག་གི་གླིང་དེ་ནི་ཉམས་མི་དགའ་ཞིང་། བྱེ་མ་སྐྱ་ཧང་ངེ་བས་ཁེངས་པ་ཞིག་སྣང་། གླིང་འདི་ལངྐའི་ཡུལ་ན་ཡོད་ཅེས་རང་རེའི་རྒྱུད་འགྲེལ་འགར་ཡང་གསུངས་ལ། ལངྐའི་རྒྱལ་པོ་པརཀྲམ་ཕ་རོལ་གནོན་སོགས་ཀྱི་རྒྱལ་རབས་འགའ་ཞིག་གི་བར་གླིང་འདི་ཡང་སིངྒལའི་ཆབ་འོག་ཏུ་ཡོད་འདུག་པས་ས་ཁོངས་དེ་གར་གཏོགས་པ་བདེན། རྭམེཤྭརའི་ལྷ་ཁང་ནི་ལྷོ་ཕྱོགས་པའི་བཟོ་ལུགས་ཀྱི་ངོ་མཚར་བ་ཞིག་སྣང་། ལར་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་པའི་ལྷ་ཁང་དེ་ཀུན་མཐོང་ན་རང་རེའི་རྡོ་རྗེ་གདན་སོགས་ཀྱང་བཀོད་པའི་སྒོ་ནས་དེ་ཙམ་དུ་མི་མཚར། རྩེ་ན་གཤོག་པ་དང་བཅས་པའི་ཁང་བརྩེགས་གཏོར་མ་བྲང་ལེབ་ཀྱི་དབྱིབས་འདྲ་བ་ལ། ཕྱི་ཐམས་ཅད་པ་ཊ་དང་ལྷ་སྐུ་སྣ་ཚོགས་ཀྱིས་གཡོགས་པ། མེ་ཏོག་གི་ཕུང་པོ་བརྩིགས་པའི་བྲག་རི་འདྲ་བ་དག་སྣང་། གནས་ཆེན་ཉེར་བཞིའི་ཡ་གྱལ་ཡང་འདི་ཡིན་པར་ཕྱི་ནང་གི་ལོ་རྒྱུས་ཐམས་ཅད་མཐུན་པར་གསུངས། དེས་ན་ཨོ་རྒྱན་རྗེས་མ་ངག་དབང་རྒྱ་མཚོ་དེས་གར་ཞ་དང་། ཛལནངྷརའི་བར་གྱི་ལམ་གཡས་གཡོན་དུ་རྭམེཤྭར་དང་། ཀཱམརཱུཔ་སོགས་གནས་ཆེན་ཉེར་བཞི་ཕལ་ཆེར་ཞིག་མཇལ་བར་གསུངས་པ་ཡང་། སྣང་སྲིད་ལྷ་ཡི་འཁོར་ལོར་གཟིགས་པའི་གྲུབ་ཐོབ་ཆེན་པོའི་དག་སྣང་ཙམ་ཞིག་ཏུ་གོ་དགོས། རྭམེཤྭར་ནས་རྒྱ་མཚོ་བརྒྱུད་དེ་མཚན་ཕྱེད་ཙམ་སོང་བས་སིངྒལ་རང་དུ་སླེབས། མུ་སྟེགས་ཀྱི་རྒྱལ་ཁམས་སུ་ཡུན་རིང་བསྡད་བསྡད་པའི་མཐར། གླིང་འདིར་སླེབས་པ་ན། རི་ལྡིང་ནག་ཡོམ་མེ་བའི་གསེབ་ན་ཕར་ལ། མཆོད་རྟེན་དཀར་སེང་ངེ་བ་དང་། དགེ་སློང་རྒན་པོ་མགོ་སྐྱ་རིལ་ལེ་བ། ཉི་མར་ལྡེ་བ་སོགས་མཐོང་བས། ཨཱ་ད་ནི་རང་ཡུལ་གྱི་ཕྱོགས་ཞིག་ལ་སླེབས་སམ་སྙམ་པ་ཙམ་གྱི་དགའ་སྐྱོ་ལྷང་ངེ་བ་བྱུང་།དེ་ལ་གླིང་འདིའི་མིང་ཆེས་ཡོངས་སུ་གྲགས་པ་ནི། ལངྐ་བྱ་བ་ཡིན་ཅིང་། ཁོང་པ་རྣམས་ཀྱང་རང་ཡུལ་ལ་མིང་དེ་ག་དང་། རྒྱ་གར་ལ་འཛམ་བུ་གླིང་ཞེས་འབོད། དེའི་འོག་ན་གྲགས་ཆེ་བའི་མིང་ནི་སིངྒྷལ་སྟེ་ཡི་གེ་མཚམས་སྦྱར་བ་དང་སིཾཧལ་སྟེ་མཚམས་སྦྱོར་མེད་པ་འདི་ཡང་ཀུན་གྱིས་འབོད་པའི་མིང་ཡིན་ཅིང་། དོན་ནི་སིངྒེ་འཛིན་བྱ་བར་འགྱུར། མིང་གཞན་ཡང་ཙམརདཱིཔ་བྱ་བ་སྟེ། ཁོང་ཅག་གི་རྒྱལ་རབས་ན་ཡང་མིང་དེ་གསལ་ཞིང་། རང་ཅག་གི་གཞུང་མང་པོར་ཡང་སིངྒལ་དང་དེ་གཉིས་དོན་གཅིག་ཏུ་གསུངས། དེ་བཞིན་ཏཱམྲདྭིཔ་སྟེ་མི་ཟངས་གླིང་ཡང་འདི་ལ་ཟེར་བ། རང་རེའི་འདུལ་བའི་དཔེ་མེད་མའི་བྱུང་བའི་སྐབས་ན་ཡང་གསལ་ལ། ཁོང་དག་ལ་ཡང་རྒྱུས་འདུག རྒྱ་གར་ནུབ་ཀྱི་ཀླ་ཀློ་རྣམས་ནི་གླིང་འདི་ལ་སོརྞདྭིཔ་སྟེ་གསེར་གླིང་དུ་འབོད་ཅིང་གནས་ཆེན་དུ་བརྩི། ལངྐའི་གསེར་བྱ་བ་རྒྱ་གར་གྱི་གཏམ་རྒྱུད་རྣམས་ན་ཡང་ཤིན་ཏུ་མང་། གསེར་གླིང་ནི་བྷར་མའི་ལྷོ་མཐའ་དང་དགེ་བའི་གླིང་ཕྲན་སུམཏུརདུ་ཟུར་ཆག་སྟེ་འབོད་པའི་གླིང་འདི་ཡིན་པར་ཐེ་ཚོམ་མེད་མོད། འོན་ཀྱང་ཇོ་བོ་བྱོན་པའི་གསེར་གླིང་དེ་འདི་ཡིན་པ་ཡང་སྲིད་སྙམ་སྟེ། སིངྒལ་ན་ད་ལྟ་བཞུགས་པའི་མགངྷའི་སྐད་ཀྱི་བརྡ་སྤྲོད་པ་ཞིག་དང་། རཱུཔསིངྒྷ་གཟུགས་གྲུབ་བྱ་བའི་བསྟན་བཅོས་གཉིས། དཱིབཾཀརཤྲཱིཛྙཱ་ནས་མཛད་བྱ་བ་དུས་ཚོད་ཀྱང་ཇོ་བོ་རང་ལ་བསྒྲིགས་བཏུབ་པ་ཞིག་མཆིས་པར་རྒྱ་གར་དུ་འགྲོ་ཕན་མཛད་པ་དང་། ནཱལེནྡྲའི་སྟོབས་ཀྱི་ཉི་མའི་གཙུག་ལག་གི་བདག་པོ་ཡིན་ཚུལ་སོགས་བཤད། དགེ་སློང་མཁས་པ་འགའ་རེས་ཀྱང་ཁྱེད་ཀྱི་ཇོ་བོ་དེ་འདི་རང་ཡིན་པར་འདུག་ཟེར་གྱིན་གདའ། འོ་ན་དེ་བདེན་ཚེ་ཆོས་ཀྱི་གྲགས་པ་བྱ་བའི་གནས་བརྟན་ཞིག་གིས་མཛད་པའི་གཞུང་འགའ་ཡང་སྣང་བས། དེ་ཡང་བླ་མ་གསེར་གླིང་པ་ཡིན་ཨེ་སྲིད་སྙམ། འགའ་ཞིག་གིས་འདིའི་མར་མེ་མཛད་དེ་ཙོ་ལའི་ཡུལ་དུ་འཁྲུངས་པའི་མར་མེ་མཛད་སངས་རྒྱས་ཞབས་བྱ་བ་དེ་ཡིན་ཟེར།UuO康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       གླིང་གི་མཐའ་སྐོར་རྐང་འགྲོས་ཟླ་ལམ་ལྷག་གིས་འཁོར་བའི་ཁྱོན་ཙམ་ཡོད། དབུས་ཀྱི་ཆ་ལ་རི་མང་ཞིང་རྒྱ་མཚོ་དང་ཉེ་བའི་ཕྱོགས་ཀུན་ཐང་དུ་ཡོད། དེ་ཡང་རྒྱ་གར་གྱི་ས་མཐའ་རྣམས་ས་དམར་པོ་ལ་རི་གཏོར་མ་འདྲ་བས་གང་བ་རང་རེའི་ཟ་ལར་ཁོག་དང་འདྲ་སེ་བ་ཞིག་ལ་གླིང་འདི་ནི་གང་དང་ཡང་མི་འདྲ་བར་ས་གཤིན་ཅིང་། གསིང་མ་དང་ནགས་ཚལ་རྒྱས་པས་རི་ལྗོངས་ཐམས་ཅད་སྨུག་དུང་ངེ་བ་ཡོད། ཕྱོགས་པལ་ཆེར་ནས་རྒྱ་མཚོ་ནག་མེར་རེ་བ་མཐོང་། ཡུལ་འདི་ཆ་གསུམ་དུ་བགོས་པའི་མཧཱབེལིགྒཱངས་བཅད་པས་བྱང་གི་་ཆ་རྣམས་པིཧིཏིའི་ཡུལ་དུ་འབོད། ཀལུགངྒ་འབབ་པའི་ཕྱོགས་ནུབ་ཆ་རྣམས་ལ་མལཡཱ་སྟེ་རིའི་ཡུལ་དུ་གྲགས། དེའི་ཕྱིར་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་མལཡསིངྒལ་ན་ཡོད་པར་གསུངས་པ་ཡང་འདི་ལ་ཟེར། འོན་ཀྱང་སྙན་དངགས་ལ་གྲགས་ཆེ་བའི་མལཡཱ་དེ་རྒྱ་གར་ལྷོ་ན་ཡོད། སྤྱིར་མལཡཱ་བྱ་བ་ཏ་མི་ལའི་སྐད་དེ་རིའི་མིང་ཙམ་ཡིན་ཅིང་ཏྲཱིམལཡཱ་བྱ་བ་ཡང་དེ་དག་གི་སྐད་དེ་ཤྲིམལཱཡ་དང་དོན་གཅིག་ཅིང་། དཔལ་གྱི་རི་བོ་བྱ་བ་ཡིན། ཡུལ་འདིར་ཆུ་ཆེན་རྣམས་ལ་གངྒཱ་ཟེར་བ་མང་པས་ལོ་རྒྱུས་འགར་གངྒཱ་དངོས་མ་དེ་ལངྐན་ཡོད་སོགས་ཀྱང་བྲིས་ནས་འདུག ཤར་ལྷོའི་ངོས་ཀྱི་རྒྱ་མཚོའི་ཕྱོགས་ཀུན་ས་དམར་སྐྱ་ཧལ་ལེ་བ་ཡོད་པས་རོཧིནི་ཡང་དམར་མོ་བྱ་བ་སྟེ་དེ་ལ་ཟེར་བ་འདུག ཤར་ངོས་ཀྱི་ནགས་ཆེན་པོའི་དཀྱིལ་ན་ཀློ་བའི་རིགས་ཤ་རྗེན་ཟ་ཞིང་གཅེར་བུ་སྤྱིལ་པོ་ཡང་མེད་པར་སྡོད་པ་དག་ཡོད། གླང་ཆེན་གྱི་ཤ་སྦྲང་རྩི་དང་སྦགས་ནས་ཟ། གདོང་ལ་བལྟས་ནས་གད་མོ་ཤོར་ན་འཆི་ལྟས་སུ་བརྩི་བས་མདའ་བསྣུན་ཏེ་གསོད། གཞན་ཀློ་པའི་རིགས་ལ་གཤིས་འཇམ་ཞིག་ཡིན། ཡུལ་གྱི་དབུས་ནཻབརེལིཡ་བྱ་བ་དེ་ཁ་མཐོ་ཞིང་ཤིན་ཏུ་བསིལ། དབྱར་དུས་སུ་བོད་ལས་ཀྱང་གྲང་བ་སྙམ་བྱེད། དེའི་ཤར་ངོས་ལ་ཕར་ལ་སྤང་གི་རི་ལྗོངས་ཆེན་པོ་རྒན་རྒྱའི་གཞུང་དྲན་བཟོདཔ་ཙམ་ཡོད། དེ་ནས་དམའ་བའི་རི་ཟུར་རྣམས་ན་ཐང་ཤིང་དང་ཤུག་པ་ཡང་སྐྱེས། རྒྱ་གར་ན་མཐོང་རྒྱུ་མེད་པའི་ཤིང་དེ་ཚོ་སིངྒལར་མཐོང་ཚེ་ཡ་མཚན་པ་ཞིག་འབྱུང་། སྤྱིར་གླིང་འདི་རིན་པོ་ཆེའི་འབྱུང་ཁུངས་ས་སྟེང་ན་གྲགས་ཆེ་བ་ཞིག་ཡིན་ཅིང་། སངས་རྒྱས་བཞུགས་དུས་ནས་བཟུང་ཐག་ཉེ་རིང་གི་ཚོང་པ་མང་པོ་རྒྱ་མཚོ་བརྒལ་ནས་རིན་ཆེན་ལེན་དུ་འགྲོ་ས་གཅིག་ཡིན་འདུག ལྷག་པར་དུང་དང་མུ་ཏིག་གཉིས་ཀའི་འབྱུང་གནས་སུ་གྲགས། གླིང་གི་མིང་ལ་ལྷོ་ཕྱོགས་རྒྱ་མཚོའི་མུ་ཏིག་སོགས་སུ་ཡང་བརྗོད། ནགས་ཚལ་རྣམས་ན་གླང་ཆེན་མང་ཞིང་། གཞན་གཅན་གཟན་འདུག་པ་དུག་སྦྲུལ་དང་། གཟིག་ཙམ་ལས་མེད། ཆུ་ཆེན་རྣམས་ལ་ཆུ་སྲིན་ཀུམྦྷིར་མི་ཟན་གྱི་འཇིགས་པ་ཅིང་ཆེ། རྒྱ་མཚོའི་མཐར་ནམ་མཁའ་ལ་བྱེའུ་ལྟར་འཕུར་བའི་ཉ་དང་། ཤིང་སྡོང་ལ་འཛེགས་པའི་ཉ། ཟླ་བ་ཉ་བའི་ཚེ་དུང་དང་། རྔ་སྒྲ་ཀི་ཧི་སོགས་སྒྲ་བརྒྱ་ཕྲག་མང་པོ་སྒྲོག་པའི་ཉ་གླུ་མཁན་དུ་འབོད་པ་ཞིག་དང་། གཞན་ཡང་ཆུ་དང་སྐམ་གྱི་སྲིན་འབུ་སྲོག་ཆགས་རང་རེའི་མིག་ལ་མཚར་བ་གྲངས་ལས་འདས་པ་ཞིག་སྣང་། རྩངས་པ་ཆེན་པོ་ཁྱིའི་ཚད་ལོངས་པ་ཡང་མཐོང་། ཀྲིམི་བྱ་བའི་སྲིན་འབུ་ལྕི་བ་རློན་པ་ལ་རིལ་བུ་ལག་པས་བཟོས་འདྲ་ཞིག་བྱས་ཏེ་གཅིག་གིས་འཁུར། གཅིག་གིས་འཕུལ་ནས་མི་བཞིན་དུ་འཁྱེར་བ་ཞིག་ཀྱང་མཐོང་། ལར་རྒྱ་མཚོའི་རླབས་དཀྱུས་མ་རྣམས་ནི་རང་རེའི་མཚོ་སྔོན་པོའི་དེ་ལས་ཧ་ཅང་ཆེ་བ་མི་འདུག འོན་ཀྱང་ཉ་དང་གནམ་སྟོང་སྐབས་ཟླ་བའི་ཤུགས་ཀྱིས་དྲངས་པའི་རླབས་ཆེན་ཞིག་འོངས་པ་དེ་ཆུ་ཆེན་རྣམས་བརྒྱུད་ནས་ཉིན་ལམ་ཙམ་ལ་ཡང་འགྲོ། གྲུ་གཟིངས་ཆེན་པོ་རྣམས་ཀྱང་ཉིན་དེ་ལ་བསྒུགས་ནས། དེ་ནས་རླབས་དང་འགྲོགས་ཏེ་མཚོའི་མཐའ་ལ་བདེ་བར་སླེབས། དེས་ན་རྒྱ་མཚོ་ལ་ཟླ་བས་འཕེལ་ཟེར་བ་ནི། སྒྲོ་བཏགས་པའི་མངོན་བརྗོད་ཙམ་མིན་པར་འདུག དེ་མིན་རླུང་ཆེན་གྱིས་དེད་པའི་རླབས་འོངས་ནས་གྲོང་ཁྱེར་བསྣུབས་པ་སོགས་ཀྱང་ཡོད་དེ། རྒྱ་གར་ཀལིངྐའི་ཕྱོགས་སུ་འཇིགས་པ་དེ་འདྲ་ལོ་ལྟར་འོངས་བ་ཡིན། རྒྱ་མཚོའི་འགྲམ་གྱི་ཕྱོགས་སུ་ཡུན་རིང་བསྡད་པས་ཏི་མི་དང་ཆུ་སྲིན་སོགས་ཤི་གསོན་ཅི་རིགས་པ་མང་དུ་མཐོང་སྟེ། ཐུང་དྲགས་པ་དང་ཆུང་དྲགས་པ་རྐྱང་ལས། བོད་ཀྱི་མིའི་སེམས་ཁ་གང་ནུས་པ་ཞིག་མི་འདུག་པས་འདིར་བཤད་རིན་མེད་པར་བཞག གླིང་འདིའི་ཐང་རྣམས་ནི་ཏ་ལའི་ནགས་ཚལ་གྱིས་ཁྱབ། རིའི་ངོས་ལ་ནི་ཤིང་རིགས་ལ་འདི་མེད་བྱ་བ་མི་འདུག སྲིང་མོ་གསོད་བྱ་བའི་སྔོ་རིགས་ཟོས་ན་ཆགས་པས་མྱོས་ནས་འཆི་བྱ་བ་ཞིག་ཀྱང་མཆིས། སྔོ་དེ་མུ་སྟེགས་ཀྱི་མན་ངག་རྣམས་ན་གྲགས་ཆེ། ཅུང་ཟད་ཟོས་པ་དང་མིད་པ་ཚ་ཟིར་རེ་ཞིག་ལས་གཞན་ཅི་ཡང་འོང་རྒྱུ་མིན་འདུག ནགས་གསེབ་དབུལ་པོའི་རྩྭ་ཁྱིམ་འགའ་རེའི་སྒོར་གླང་ཆེན་གྱི་བརླ་རྐང་དང་། ཉ་རུས་སོགས་བཙུགས། གླང་མགོ་རྭ་དཀྱིལ་དུ་བཞག་ནས་ཁྲེས་པོ་འཁུར་བའི་སྟེགས་སོགས་བྱེད་ཀྱིན་འདུག ཤིང་གི་ཅོག་ཙེ་ཞིག་ལ་གླང་མགོ་ཧྲིལ་པོར་བརྗེ་ངེས་ཀྱང་སུ་ཞིག་གིས་ཉོ། འོན་ཀྱང་མཆེ་བ་ནི་འདིར་ཡང་གོང་ཐང་ཆེ།གྲོང་ཁྱེར་ཆེ་ཤོས་ནི་ཀལམྦྷ་བྱ་བ་དེ་ཡིན། དེར་རྒྱལ་ཁབ་ཀུན་གྱི་མི་རིགས་འཛོམས། དེའི་འོག་ཀཎྜེ་བྱ་བའི་གྲོང་དེ་སྔོན་གྱི་རྒྱལ་ས་ཡིན།UuO康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       གླིང་འདི་ན་ཉིན་མཚན་རིང་ཐུང་འཕོ་བ་ཡང་མེད། དབྱར་དགུན་ཀྱང་མེད་པར་ལོ་ཧྲིལ་པོར་བསིལ་དྲོད་སྙོམས། ཧོར་ཟླ་གཉིས་པའི་ཚེས་གཅིག་ནས་བརྩིས་པའི་ཟླ་བ་བརྒྱད་ཀྱི་རིང་ལ་ནམ་དུས་ཆེན་པོ་དང་། ལྷག་མ་བཞི་ལ་ནམ་དུས་ཆུང་ངུར་འབོད་པ་ཙམ་ལས་དྲོ་གྲང་གོ་ལྡོག་ནམ་ཡང་མེད། གོ་ལའི་བྱང་ཆ་མ་ལུས་པར་ཟད་པས་ཚེས་གཅིག་གི་དུས་སུ་ཟླ་ཚེས་མཐོང་། ལྷོ་བགྲོད་མཐར་ཐུག་པའི་སྐབས་ཉིན་གུང་མི་འགྲེང་ན་གྲིབ་མ་ཡང་རང་རེ་ལས་གོ་བཟློག་སྟེ་བྱང་ནས་ལྷོར་འབབ།མིའི་རིགས་ནི་སྔོ་བསངས་དཀར་ཤམ་ནག་པོ་སོགས་ཅི་རིགས་པར་མཆིས་ཤིང་། ཕལ་མོ་ཆེ་དག་གཟུགས་མཛེས། དེས་ན་གུ་རུ་ལྷོ་ཕྱོགས་པས་སིངྒལར་ལེན་གསུངས་པའི་གླུ་གྷརིགྷརིཔདྨནཱིནརཱི། ཁྱིམ་དང་ཁྱིམ་རེར་བུ་མོ་པདྨ་ཅན། བྱ་བ་ཡང་རྫུན་དུ་མ་སོང་ཙམ་འདུག རིགས་བྱིངས་ནི་ཨཱརྱཎ་ཡིན་ཅིང་། སྐད་ཀྱང་ལེགས་སྦྱར་ཟུར་ཆག་ཤས་ཆེ། ཨརྱཎའི་ཁྲོད་ན་སངས་རྒྱས་ཀྱི་ཆོས་མ་ཉམས་པར་གནས་པ་ད་ལྟ་ཁོང་ཅག་གཅིག་པུ་ཡིན་ཟེར་ཏེ་དོན་ལ་ཡང་བདེན་པར་སེམས། བྷར་མ་སོགས་ནི་རིགས་གཞན་ཡིན། ཕོ་མོ་གཉིས་ཀ་ཁ་དོག་ཕྲ་བོ་ཅན་གྱི་སྨད་གཡོགས་སུལ་མེད་པ་དང་། མོ་རྣམས་སྟོད་ལ་དཔུང་བཅད་ཅིག་གྱོན། སིངྒལའི་བུད་མེད་དེ་སྨད་འཚོང་དང་། སྐྱེས་པ་བཤན་པ་བྱེད་པ་མེད་ཟེར། འོན་ཀྱང་ཉ་བཤོར་བ་ལ་ནི་བཤན་པའི་ཐ་སྙད་མི་འདོགས་པའི་ལུགས་ཡིན། ཡུལ་གང་པོའི་མི་རྣམས་ཉ་ལ་དགའ། སྡིག་སྲིན་དང་། ཆུ་སྦྲུལ། ལྕོང་མོ་ལ་སོགས་པ་ཐམས་ཅད་ཟ། སྒོ་ཟོག་ནི་གླང་དང་མ་ཧེ་ཤས་ཆེ། རྟ་ནི་ཡེ་མེད། ཤིང་རྟ་ཡང་གླང་གིས་འདྲེན། གླང་དེ་རྟ་ལས་ཀྱང་མགྱོགས་ཙམ་ཡོད། གྲོང་ཁྱེར་ཆེན་པོ་རྣམས་ན་གློག་ཆས་དང་། བཟོ་གྲྭ། ཡིག་ཁང་སོགས་གསར་སྲོལ་ཐམས་ཅད་དཀྱུས་དང་མཐུན་པར་ཡོད། སྲང་དང་སློབ་གྲྭ་སོགས་ལ་ཡང་ཆོས་དང་འབྲེལ་བའི་མིང་ཡང་བཏགས་པ། དཔེར་ན། སྐྱེ་རྒུའི་བདག་མོའི་བྲང་ཁང་དང་། གྲགས་འཛིན་མའི་སློབ་གྲྭ་སོགས་བུ་མོ་རྣམས་ཀྱི་སློབ་གྲྭ་དང་། ཀུན་དགའ་བོ་དང་། མྱ་ངན་མེད་པའི་མདུན་ཁང་སོགས་ཁྱེའུ་རྣམས་ཀྱི་དང་། ས་ག་མའི་ལམ་དང་། རྡོ་རྗེ་མའི་སྲང་སོགས་ཤིན་ཏུ་མང་། བཞི་མདོ་ཀུན་ན་བྱང་ཆུབ་ཤིང་དང་། དེའི་དྲུང་ན་བང་རིམ་ལ་བཞུགས་པའི་སངས་རྒྱས་དང་མཆོད་རྟེན་སོགས་མཐོང་ན་ཡིད་འཕྲོག་པ་འབའ་ཞིག་ཡོད། ཚེས་བཟང་དག་གི་ནངས་པར་ཐོག་མར་ཡིག་གྲྭའི་བུ་མོ་དག་གྲལ་དུ་བསྒྲིགས་ཏེ་སོང་ནས་བྱང་ཆུབ་ཤིང་དང་། མཆོད་རྟེན་གྱི་རྣ་བར་གད་དར་བྱེད། དེ་ནས་ཁྱེའུ་བརྒྱ་ཕྲག་དུ་མ་སློབ་དཔོན་གྱིས་འཁྲིད་དེ་མདོའི་ཚིགས་བཅད་འགའ་ཞིག་གླུར་ལེན་བཞིན། མཆོད་རྟེན་ལ་བསྐོར་ནས་མེ་ཏོག་གཏོར་བ་སོགས་ཡིད་དུ་འོང་བའི་སྲོལ་ལུགས་མང་དུ་ཡོད་ཀྱང་མ་བྲིས། ཉ་སྟོང་བརྒྱད་གསུམ་ལ་ཚུལ་ཁྲིམས་ཡན་ལག་བརྒྱད་པ་ཀུན་གྱིས་ལེན། ཉིན་དེར་ཁྱིམ་པ་ཀུན་ཁྲ་ཐིག་སོགས་ཡེ་མེད་པའི་རས་དཀར་རྐྱང་རེ་གྱོན། ལར་གོས་དེ་འདྲ་དགེ་བསྙེན་གྱི་རྟགས་སུ་བྱེད་གྱིན་གདའ། སྐུ་བརྙན་སོགས་མཇལ་ན། རང་རེས་སྐྱབས་སུ་མཆི་ཟེར་བའི་ཚོད་ལ་ཁོང་རྣམས་སཱངྦྷུ། སཱངྦྷུ། ལེགས་སོ་ལེགས་སོ་བྱ་བ་བརྗོད། བྱིས་པ་ཆུང་ངུ་རྣམས་ཀྱང་སེར་པོ་ཞིག་རྒྱང་ནས་མཐོང་ན། ཧཱ་དུ། ཧཱ་དུ། ཞེས་ཅ་ཅོ་བྱེད་པ་ལ་གོམས། གླིང་འདི་ནས་དགེ་འདུན་པ་ཇི་ལྟར་གུས་པ་ནི་སངས་རྒྱས་བཞུགས་དུས་དང་ཕལ་ཆེར་ཁྱད་ཨེ་ཡོད་སྙམ། རིགས་ཆེན་པོའི་མི་དྲག་མགོ་སེ་ཡོར་རེ་བ་ཚོ་ཡང་། དགེ་ཚུལ་ཆུང་ངུ་ཞིག་གི་རྐང་པའི་དྲུང་དུ་པུས་མོ་བཙུགས་ནས་སྡོད། དགོན་པའི་ནང་དུ་སུ་འདྲ་ཞིག་སླེབས་ཀྱང་ས་སྒྲེ་བོ་ལ་སྡོད་པ་ལས་ཤིང་སྟེགས་ཙམ་ཡང་མི་འདིང་། ཧོར་ཟླ་གསུམ་པ་ཙམ་གྱི་ཚེས་སྟོད་ཉི་མ་ལུག་ཁྱིམ་དུ་འཕོས་པ་ན། གླིང་འདི་པ་རྣམས་ལོ་གསར་བྱེད། འདི་མྱ་ངན་མེད་དུས་ཀྱི་སྲོལ་ཡིན་ཟེར་ཞིང་། ཡུལ་འདི་ཙམ་ལ་གཞན་དུ་མི་བྱེད། ས་གའི་ཉ་ལ་སངས་རྒྱས་འཁྲུངས་པའི་དུས་སྟོན་བྱེད། ལོ་གཅིག་གི་ཉི་མ་འགངས་ཆེ་ཤོས་དེ་འདི་ཡིན། བྱིས་པ་རེ་རེས་རྔ་ཆུང་ཞིག་ཚགས་སུ་ཆུད་པར་བྱས་ཏེ་ཉི་མ་བགྲངས་ནས་བསྒུགས་ཏེ་སྡོད། ཐོ་རངས་ཙ་ན་གྲོང་ཐམས་ཅད་ཅིག་ཆར་དུ་གླུ་དང་རྔ་སྒྲ་དང་། སཱངྔྷུ་བྱ་བའི་འུར་གྱིས་གང་། བྱིས་པ་ཆུང་ངུ་ཞིག་གཞོན་ནུ་དོན་གྲུབ་ཀྱི་ཆས་སུ་བཅུག་སྟེ་ནང་མི་རྣམས་ཀྱིས་མཆོད། ཐམས་ཅད་ཀྱང་གོས་དཀར་པོ་འབའ་ཞིག་གྱོན་ཅིང་གཉེན་རྣམས་ལ་མགྲོན་གཏོང་། ཁྱིམ་རེ་རེའི་སྒོ་ན་བྱང་སེམས་བྱིས་པའི་གཟུགས་ཅན་གྱི་སྐུ་ཐང་དང་། དར་སྣ་ལྔའི་བ་དན་དུ་མ་འཕྱང་། ཁང་ཆེན་རྣམས་ཀྱི་མདུན་དུ་ལྡིང་ཁང་ཐོག་ཚད་བཞི་ལྔ་རེ་བསླངས་བའི་ནང་དུ། ལྷ་ལས་བབས་པ་དང་ལུམྦིནིར་བལྟམས་པ་སོགས་རྣམ་ཐར་གཟུགས་བརྙན་ནས་འཕྲུལ་འཁོར་གྱིས་གསོན་པོ་ལྟར་སྒུལ་བསྐྱོད་བྱེད་པ་སོགས་སྟོན། ཤིང་རྟ་ཆེན་པོའི་སྟེང་ན་ཁང་བརྩེགས་ཀྱི་ཟོབ་བྱས་པའི་དབུས་སུ་བྱིས་པ་གཅིག་བྱང་ཆུབ་སེམས་དཔའ་དང་། བུ་མོ་མེ་ཏོག་གི་ཐོད་གྱོན་པ་དག་ལྷ་མོའི་ཆས་སུ་ཞུགས་ཏེ་སྒྲ་སྙན་སྣ་ཚོགས་དང་། མེ་ཏོག་འཐོར་བཞིན། སངས་རྒྱས་ཀྱི་བསྟོད་དབྱངས་བླངས་ཏེ་བྲང་དང་སྐྱེད་ཚལ་ཐམས་ཅད་བསྐོར། ཐམས་ཅད་ཀྱིས་ཁོང་རྣམས་ལ་མངར་ཆ་དང་དོར་ཙེ་སོགས་འབུལ། བཞི་མདོ་རྣམས་ན་རས་གུར་ཕུབ་པའི་འོག་ཏུ་དགེ་སློང་རེ་བཞུགས་པའི་མདུན་ན། དགེ་བསྙེན་དཀར་པོ་སྤྲ་བའི་མེ་ཏོག་འདྲ་བ་དག་གིས་བསྐོར་ཏེ་སྐྱེས་རབས་འཆད། ལམ་སྲང་གཡས་གཡོན་དུ་ལྡིང་གུར་རིང་པོའི་ནང་དུ་ཟས་སྣ་དང་བཏུང་བའི་རིགས་བཤམས་ཏེ་ལམ་ན་འགྲོ་ཚད་ལ་སྦྱིན། ཉིན་དེར་ཟ་ཁང་ལ་སོགས་པ་གར་ཕྱིན་ཀྱང་རིན་མེད་དུ་སྦྱིན། ཡུལ་མིའི་ཤན་གྱིས་མུ་སྟེགས་དང་ཀླ་ཀློའི་ཚོང་དཔོན་དག་གིས་ཀྱང་ས་གའི་དུས་སྟོན་བྱེད། ཉིན་དེ་ལས་ཉམས་སུ་དགའ་བ་མེད།སྔ་དྲོ་གྲོང་དུ་སོང་ན་དགེ་སློང་ཞི་དུལ་ཅན་བསོད་སྙོམས་ལ་རྒྱུ་བ་མཐོང་། ལྷུང་བཟེད་ཀྱི་སྐོན་བུའི་ལུང་ཐག་ཕྲག་པ་ལ་གྱོན། ཞབས་ལག་མཐིལ་དུ་བཞག་ནས་ཁྱིམ་གྱི་མདོར་འགྲེང་སྟེ་སྡོད། ཁྱིམ་ནས་བསོད་སྙོམས་ཕུལ་དེ་རྐང་པ་ལ་གཏུགས་ནས་འགྲོ། ཚིགས་བཅད་སོགས་ཅི་ཡང་མེད། སླར་འཁོར་ཏེ་ཟས་རྣམས་བགོས་ན་མི་གསུམ་ཙམ་འགྲངས། གླིང་ཧྲིལ་པོ་བསྡོམས་པའི་དགེ་སློང་ཉིས་ཁྲི་ལྷག་ཙམ་ཡོད་ཟེར་ཞིང་། དེ་ཀུན་ལ་བསོད་སྙོམས་དང་གནས་མལ་སོགས་ཀྱི་སེམས་ལས་ཕྲ་མོ་ཙམ་ཡང་དགོས་པ་མེད། དགོན་གནས་ཆེ་བར་བགྲང་པ་དག་ན་ཡང་དགེ་སློང་ཉི་ཤུ་ཙམ་ལས་ལྷག་མི་བཞུགས། དེ་ཀུན་གྱི་མལ་ཆ་དང་ཡོ་བྱད་ཀུན་རྒྱལ་པོ་ལ་འོས་པ་ཙམ་ཡོད། དེ་ཡང་ཕྱུག་པོ་རེ་ཤི་ན་ཁོའི་མལ་ཆ་སོགས་ནར་མའི་ཡོ་བྱད་རྣམས་གཙུག་ལག་ཁང་དུ་འབུལ་སྲོལ་འདུག་པས། དགེ་སློང་རྣམས་ལ་ཡོ་བྱད་ཀྱི་ཕུད་ཤ་སྟག་ཐེམས་(མ་ཚང་བ་མེད་པ་ཐོབ་པའི་དོན)པ་ཡིན། འོན་ཀྱང་དེ་ཀུན་དགེ་འདུན་གྱི་ཡིན་པར་བྱེད་དགོས། གང་ཟག་ལ་དབང་བ་ནི་མཁོ་བའི་ཡོ་བྱད་དང་། གཞན་ཕྲན་བུ་ཅི་རིགས་ལས་མེད། གཙུག་ལག་ཁང་ན་སྡོད་པ་རྣམས་ལ་གྲོང་པ་རེ་མོས་ཀྱིས་བསོད་སྙོམས་སྐྱེལ། ཕར་བསོད་སྙོམས་ལ་འགྲོ་བ་ལ་མི་རྣམས་ཤིན་ཏུ་དགའ་ཡང་། དགོན་པ་བ་དང་། ལྗོངས་རྒྱུ་བ་དང་། གསར་བུ་དག་གིས་བྱེད་པ་ལས་ཆེས་མང་པོ་མེད། འགའ་རེས་དུས་ཐུང་ངུ་རེ་ལ་དམ་བཅས་ཏེ་བསོད་སྙོམས་བྱེད་ཅིང་། དེ་དགེ་སྦྱོང་གྱི་ཁོངས་སུ་འདྲེན་པ། ཚོགས་ཆེན་རྒྱུན་ཇ་ལ་འགྲོ་བའི་ཚོད་ཙམ་ཡིན། སྐྱེས་པ་གཅོད་པ། རིན་ཆེན་རེག་པ། མ་བྱིན་པར་ཟ་བ་སོགས་མི་རིགས་པ་ཕྲ་མོ་རྣམས་ཀྱང་རྒན་རྒོན་ཐམས་ཅད་ལ་རྒྱུས་ཡོད་པས་གང་དགར་བྱེད་ས་མེད། དགེ་སློང་འགའ་རེ་ལ་དགེ་འདུན་གྱི་ཡིན་པར་བསྙད་བཏགས་པའི་དངུལ་ཕོན་ཆེ་ཙམ་ཡོད་ཀྱང་། གང་འགར་རེག་ས་མེད་པས་བཞད་གད་འོངས་པར་འདུག་དངུལ་རྩིས་བྱེད་པ་ན་བྱིས་པ་ཞིག་གིས་དགེ་སློང་གི་མདུན་དུ་བཀྲམ། དགེ་སློང་གི་ཕྱག་ཏུ་དབྱུག་གུ་རིང་པོ་ཞིག་བསྣམས་ཏེ་དེས་དངུལ་རྣམས་བསྒྱུར་ཏེ་གྲངས་ཀ་བརྒྱབ། བྱིས་པ་རྩིས་ནོར་ཚེ་དབྱུག་གུ་དེ་ཉིད་ཀྱིས་མགོ་ལ་བསྣུན་པ་སོགས་བྱེད་ཀྱིན་འདུག་པས། དགོད་བྲོ་བ་ལས་དང་བ་འདྲེན་པ་ནི་མི་འདུག འོན་ཀྱང་འདུལ་བའི་ཕྱག་སྲོལ་ཙམ་ཡིན་པ་ལ་ནི་བསྙོན་དུ་མེད། ཉིན་གུང་ཡོལ་ན་དགེ་སློང་ལྟ་ཅི། སངས་རྒྱས་ཀྱི་སྐུ་གཟུགས་ལ་ཡང་ཞལ་ཟས་ཕུལ་ན་སྡིག་པར་བརྩི། ཕྱི་དྲོའི་མཆོད་པ་ནི་བཏུང་བ་དང་མར་མེ་སོགས་ཡིན། སྟོན་པ་བསྙེན་པར་རྫོགས་པ་ཡིན་པས་སྐུ་དྲུང་དུ་དགེ་ཚུལ་མི་ཉལ་བ། བུད་མེད་ཀྱིས་མི་རིག་པ་སོགས་ངོ་བོ་ཆོས་དང་འབྲེལ་ལ། རྣམ་པ་དགོད་བྲོ་བའི་སྲོལ་མང་དུ་སྣང་ཡང་བྲིར་མ་ལངས།UuO康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       སྐབས་འགར་དགེ་འདུན་ལ་བསོད་སྙོམས་འབུལ། མཆོད་རྟེན་གཅིག་དང་ཏ་ལའི་གླེགས་བམ་བཅས་རྒན་རིམ་གྱིས་སེར་སྦྲེང་དུ་བྱས་ཏེ་འབྱོན་པའི་ཞབས་འོག་ཏུ་རས་ཡུག་ཆེན་དཀར་པོ་བརྗེ་ལེན་གྱིས་བཏིང་སྟེ་དཔག་ཚད་ཙམ་སྤྱན་འདྲེན། དགེ་སློང་རྣམས་ཁྱིམ་གྱི་སྒོར་སླེབས་པ་དང་ཁྱིམ་པ་ཞིག་གིས་ཆོལ་ཟངས་(ཞབས་ཁྲུས་སྣོད)དང་ཆུ་ཐོགས་ཏེ་དགེ་སློང་རེ་རེ་བཞིན་ཞབས་བཀྲུ། གཞན་ཞིག་གིས་རས་ཀྱིས་འཕྱི། དེ་ནས་གདན་ལ་འཁོད་པ་དང་། རྒན་པས་སྐྱབས་འགྲོ་དང་། བསླབ་པའི་གཞི་ལྔ་བཟླས་ཏེ་ཁྱིམ་མི་ཀུན་དེ་ལ་རྗེས་ཟློས་བྱེད།དེ་ནས་ཟས་རྣམས་ཁྱེར་ཏེ་སྦྱིན་བདག་ཀུན་མགྲིན་གཅིག་ཏུ་ཨེམཾབྷིཁཾབབྷཀྵUuO康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       སངྒསདེམཾ། ཟས་འདི་དགེ་སློང་གིས་དགེ་འདུན་ལ་འབུལ་ལོ་བྱ་བ་ལན་གསུམ་དབྱངས་དང་བཅས་ཏེ་འདོན། དེ་ནས་ཚིག་དེ་བརྗོད་བཞིན་འབྲས་ཆན་དང་། ཚོད་མ་བྲིམ། དེ་ནས་ཞོ། དེ་ནས་ལ་དུ་དང་ཤིང་འབྲས་ཀྱི་མཐར་ཏཾ་བུ་ལ་འབུལ། ཟས་ཟིན་པ་དང་། སྦྱིན་བདག་ཕོ་མོ་གཉིས་ཀྱིས་བུམ་པ་གཅིག་ཐུན་མོང་དུ་བཟུང་ནས་བསོད་ནམས་འདིས་གཉེན་རྣམས་བདེ་བར་གྱུར་ཅིག ལན་འགའ་ཙམ་བཟླས་ཏེ་གཉེན་ཤི་ཟིན་པ་དག་ལ་དགེ་བ་བསྔོ། དེ་ནས་གནས་བརྟན་གྱི་ཕྱག་ཏུ་རླུང་ཡབ་དཀར་པོ་ཞིག་ཐོགས་ཏེ་ཡོན་བཤད་བྱེད། སྦྱིན་པ་འདིས་ཆེད་དུ་མ་བསམ་ན་ཡང་ལྷ་དང་མིའི་བདེ་བ་ཐོབ་པར་ངེས་ཤིང་། གལ་ཏེ་འབད་པའི་སེམས་ཀྱིས་ཆེད་དུ་གཉེར་ནས་བསྔོས་ན་ནི་གྲུབ་པ་དང་། བདེ་བ་བླ་ན་མེད་པའི་མྱ་ངན་ལས་འདས་པའི་རྒྱུར་ཡང་བརྒྱ་ལ་འགྱུར་སྲིད་དོ་ཞེས་སོགས་བཤད་དེ། དགའ་བོ། ཉེར་དགའ། མགོན་མེད་ཟས་སྦྱིན། གྲགས་འཛིན་མ་ལ་སོགས་པ། སངས་རྒྱས་རང་ཉིད་ཀྱི་སྦྱིན་བདག་རྣམས་ཀྱི་མིང་ཐོ་རིང་པོ་ཞིག་བཀླགས་ནས་དེ་ཀུན་ལ་དགེ་རྩ་བགོ་བཤའ་བྱེད། ལར་སྤྱོད་པ་དེ་ཚོ་གང་ཡང་གསར་དུ་མཐོང་ཚེ་ཡིད་མི་འཕྲོག་པའི་ནང་པ་སུ་ཡང་མེད། གཙུག་ལག་ཁང་དུ་ཟས་ཟ་ཚེ་དགེ་སློང་རྣམས་ཁྲིའུ་ཆུང་ངུ་རེ་ལ་རྒྱ་འདུག་བྱས་ཏེ་གྲལ་དུ་བྱས་ནས་ཟས་ཟ། འདི་རང་རེའི་མིག་ལ་མི་མཛའ་ཡང་། ཆེས་གནའ་དུས་སུ་བྱོན་པའི་བཙན་པ་ཨིས་ཅིང་①གི་ལམ་ཡིག་ཏུ་ནཱལེནྡྲ་ན་ཡང་དགེ་སློང་རྣམས་དེ་ལྟར་ཟས་ཟ་ཚུལ་གསུངས་འདུག བཙན་པའི་ཞལ་ནས་སྤྱིར་འདུལ་བ་ལ་གསལ་བར་མ་བྱུང་ཡང་། བཅོམ་ལྡན་འདས་ཀྱི་དགོངས་པ་ཡང་འདི་ཡིན་པར་ངེས་ཏེ་འདུལ་བ་ལས་ཟས་རྐང་པའི་དྲུང་དུ་ལྷུང་ན་སོགས་གསུངས་ལ། ས་ལ་བདེ་བར་བསྡད་ན་རྐང་དྲུང་དུ་ལྷུང་ཚུལ་མེད་པའི་ཕྱིར་དང་། ཡང་ཟས་ཟིན་ནས་རྐང་པ་བཀྲུ་བར་གསུངས་པ་ལ། སྟན་ལ་དཀྱིལ་ཀྲུང་དུ་བསྡད་ན་རྐང་པ་ཅི་ལ་བཀྲུ་དགོས་བྱ་བའི་ཐལ་འགྱུར་གཉིས་ཀྱང་འཕང་འདུག ཆོས་ཀྱི་སྤྱོད་ལམ་ཕྲ་མོ་དེ་ཙམ་ལ་ཡང་ཨུ་ཚུགས་མཛད་པ། བཙུན་པ་ཨིས་ཅིང་སངས་རྒྱས་ལ་གུས་པ་རེ་ཆེ། ད་དུང་བཙུན་པའི་ཞལ་ནས། སྔར་རང་རེའི་རྒྱ་ནག་ཏུ་ཡང་སྟེགས་ལ་བསྡད་ནས་ཟས་ཟ་བ་ལ་ཕྱིས་ཐང་གི་གོང་མའི་དུས་ས་ཐམས་ཅད་ས་ལ་སྡོད་པའི་ལུགས་ངན་དེ་བྱུང་སོགས་གསུངས་ནས་འདུག གང་ལྟར་ཡང་ཀྲུང་ཧྭ་མིང་གོའི་དུས་སུ་སྔར་གྱི་སྲོལ་བཟང་དེ་སླར་ཡང་དར་བ་རང་ཅག་གིས་མཐོང་བ་དེ་ལགས། ཨིས་ཅིང་འདི་ཆོས་ཀྱི་གྲགས་པ་དང་དུས་མཉམ་ཟེར། འདིའི་ལོ་རྒྱུས་ཞར་བྱུང་དུ་ཐལ།UuO康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

       ཉ་སྟོང་དང་གཟའ་འཛིན་སོགས་ཀྱི་མཚན་མོ་ཁྱིམ་པ་ཀུན་དགོན་པར་ཚོགས་ཏེ་མཚན་ཐོག་ཐག་དགེ་སློང་ཞིག་གིས་ཆོས་འཆད། དེ་ལ་ཆོས་གོས་གསུམ་སོགས་ཡོན་དུ་འབུལ། མདོར་ན་རང་རེའི་འདུལ་བ་ལུང་ནས་རྣ་བས་ཐོས་པ་དེ་ཀུན་སིངྒལར་སླེབས་ན་གསོན་པོ་རེ་མིག་གིས་མཐོང་རྒྱུ་འདུག ལན་གཅིག་དགེ་སློང་བཟང་པོ་ཞིག་ཞིང་གི་དཀྱིལ་ན་འབྱོན་གྱི་འདུག་པ་ལ་ངས་དད་པའི་སེམས་ཀྱིས་ཤིང་འབྲས་འགའ་ཞིག་ཉོས་ནས་ཕུལ་བས། ཁོས་ངའི་ལག་ཏུ་པ་ཎ་གཉིས་ཡོད་པ་མཐོང་སྟེ་ད་དུང་ཡང་ཉོས་ཟེར། དེ་རྣམས་ཉོས་ནས་ང་ལ་འཁྱེར་དུ་བཅུག་སྟེ་ཕ་ཚད་ཞིག་ཏུ་སོང་། ཞིང་པ་རྣམས་ལས་ཙ་རྞཀ་བླངས་ཏེ་ཆགས་པ་ཆེན་པོ་ཞིག་བྱུང་། དེ་ནས་སོང་སྟེ་ན་རི་ཀེ་ལའི་པགས་པ་མཐོང་སྟེ་འདི་གད་དར་བྱེད་པ་ལ་ཕན་ཟེར་ནས། དེ་ཡང་ཕོན་ཆེན་ཞིག་ངའི་སྒལ་པར་བསྐུར་ནས་གཙུག་ལག་ཁང་དུ་ལོག་ངེད་ཀྱི་སེམས་ལ་ཆོས་དང་ལས་ཀྱི་ལམ་གཅིག་གིས་འཚོ་བའི་བཙུན་པ་འདི་ཀུན་གྱིས་ཐ་ན་ལྟོགས་འདོད་བྱེད་ལུགས་ཀྱང་། སྔོན་གྱི་དྲུག་སྡེ་དེ་དག་དང་འདྲ་བ་ལ་སྙམས་ནས་དགོད་བྲོ་བ་ཡིད་མུག་པ་ཞིག་བྱུང་། །UuO康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论