འབྲོམ་སྟོན་པ་གྲོང་ཁྱེར་སྒྲ་ལྡན་དུ་ཁྱེའུ་པདྨར་སྐུ་སྐྱེ་བ་བཞེས་པའི་ལེའུ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

འབྲོམ་སྟོན་པ་གྲོང་ཁྱེར་སྒྲ་ལྡན་དུ་ཁྱེའུ་པདྨར་སྐུ་སྐྱེ་བ་བཞེས་པའི་ལེའུ།

ཡོང་ཁུངས། : མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།: མི་གསལ  ཀློག་གྲངས།: སྤེལ་དུས། : 2020-06-25 15:58:13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཛད་པ་པོ་ངོ་སྤྲོད།
ཇོ་བོ་རྗེ་ཨ་ཏི་ཤ་ནི། རྒྱ་གར་ཤར་ཕྱོགས་བྷཾ་ག་ལའི་ཡུལ་དུ་ཡབ་རྒྱལ་པོ་དགེ་བ་དཔལ་དང་ཡུམ་དཔལ་མོ་འོད་ཟེར་གཉིས་ཀྱི་སྲས་སུ་ཆུ་རྟ་ལོར( སྤྱི་ལོ982) སྐུ་འཁྲུངས། གཞོན་ནུའི་དུས་ནས་ཕྱི་ནང་གི་གྲུབ་མཐའ་དང་སྒྲ་ཚད་སོགས་ལ་སྦྱངས་པ་མཛད། དགུང་གྲངས་ཉེར་དགུ་བར་རྒྱ་གར་རྡོ་རྗེ གདན་གྱི་མ་ཧཱ་བོ་དྷིའི་གཙུག་ལག་ཁང་དུ་རབ་ཏུ་བྱུང་བར་མཛད་དེ་ཐུན་མོང་རིག་པའི་གནས་སྤྱི་དང་། ཁྱད་པར་མདོ་སྔགས་གཞུང་ལུགས་རྒྱ་མཆོ་ལྟ་བུ་ལ་སྦྱངས་པ་མཐར་ཕྱིན་མཛད་པས་པཎྜི་ཏ་ཆེན་པོའི་མཚན་སྙན་ཕྱོགས་ཀུན་ཁྱབ། དཀའ་སྤྱད་དུ་མས་གསེར་གླིང་བ་ཆོས་ཀྱི་གྲགས་པའི་ཞབས་པད་བསྟེན་ཏེ་བྱང་ཆུབ་སེམས་ཀྱི་གདམས་པ་ལ་མངའ་བརྙེས་པར་མཛད། ཕྱིས་མངའ་རིས་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་ཟུང་གིས་སྐུ་སྲོག་ལ་མ་ལྟོས་པར་ཡང་ཡང་གདན་འདྲེན་ཞུ་བར་བརྟེན། རབ་བྱུང་དང་པོའི་ཆུ་རྟ་ལོར( སྤྱི་ལོ1042)བོད་མངའ་རིས་སུ་ཕེབས་ཏེ་ཐུབ་པའི་བསྟན་པ་ལ་དག་ཐེར་རྒྱ་ཆེར་མཛད། 《བྱང་ཆུབ་ལམ་སྒྲོན་རྩ་འགྲེལ》དང་བཅས་པའི་གཙོས་བསྟན་བཅོས་གསར་རྩོམ་དང་། མདོ་རྒྱུད་ཀྱི་གསུང་རབ་སྔར་བོད་དུ་མ་བསྒྱུར་པ་དང་བསྒྱུར་ཟིན་པ་རྣམས་ལ་འགྱུར་བཅོས་གནང་སྟེ་ཕྱག་རྗེས་ཟླ་མེད་བསྐྲུན་པར་མཛད། གསུང་གིས་བསྐྱངས་པའི་བུ་སློབ་ཀྱང་ཁུ་རྔོག་འབྲོམ་གསུམ་སོགས་མཐའ་ཡས་པ་བྱུང་། དེའི་ཕྱིར་དུས་ད་ལྟའི་ཆར་ཡང་ཇོ་བོ་བཀའ་གདམས་པ་ཞེས་གྲུབ་མཐའ་གཞན་ལས་ཁྱད་དུ་འཕགས་པར་གྱུར་པ་འདི་ཡང་གང་ཉིད་ཀྱི་བཀའ་དྲིན་ཉག་གཅིག་ཏུ་འཁུམས་སོ། ། དེ་ལྟར་ཁ་བ་ཅན་པ་རྣམས་ལ་སྐུ་དྲིན་གྱིས་ཁྱབ་པར་མཛད་ནས་མཐར་དགུང་གྲངས་དོན་གསུམ་བཞེས་པ་རབ་བྱུང་དང་པོའི་ཤིང་རྟ་ལོར(སྤྱི་ལོ1054) ལོར་སྐུ་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད།
དང་པོ། རྩོམ་པའི་དུས་བབ། 
《འབྲོམ་སྟོན་པ་གྲོང་ཁྱེར་སྒྲ་ལྡན་དུ་ཁྱེའུ་པདྨར་སྐུ་སྐྱེ་བ་བཞེས་པའི་ལེའུ》ཞེས་པ་ནི། བཀའ་གདམས་བུ་ཆོས་ཀྱི་ལེའུ་ཉེར་གསུམ་གྲས་ཀྱི་བཅུ་བཞི་བ་ཡིན། བཀའ་གདམས་བུ་ཆོས་ནི་བཀའ་གདམས་གླེགས་བམ་པོད་གཉིས་ཡོད་པའི་ནང་གསེས་ཀྱི་པོད་གཉིས་པ་ཡིན། དེ་ནི་ཇོ་བོ་རྗེའི་སློབ་མ་རྔོག་ལེགས་པའི་ཤེས་རབ་དང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གཉིས་ཀྱིས་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་ཞེས་བྱ་བའི་རྩ་ཚིག་གི་དོན་ཞུས་པའི་ལན་དུ་འགྲེལ་བའི་ཚུལ་དུ་གསུངས་པ་དང་། རྔོག་དང་ཁུ་གཉིས་ནི་སློབ་བརྒྱུད་འཛིན་པའི་བུ་དང་འདྲ་བས་ན་བུ་ཆོས་ཞེས་ཞུ་བ་པོའི་ངོས་ནས་མཚན་དེ་ལྟར་འབོད་པ་བཀའ་གདམས་པའི་གསུང་རྒྱུན་དུ་ཡོད། བཀའ་གདམས་ཀྱི་མན་དག་ཐམས་ཅད་ཀྱི་རྩ་བ་ལྟ་བུ་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་ཡིན་ཞིང་བཀའ་གདམས་ཕ་ཆོས་ཀྱི་མགོར་བཀོད་ཡོད། བཀའ་གདམས་ཕ་ཆོས་ཞེས་པའང་ཕ་སྟོན་པ་འབྲོམ་རྒྱལ་བའི་འབྱུང་གནས་ཀྱིས་དྲི་བ་ཞུས་པའི་ལན་ཇོ་བོ་རྗེས་གསུངས་པ་ལ་ཟེར།
གཉིས་པ། ནང་དོན་གནད་བསྡུས། 
《བཀའ་གདམས་ཕ་ཆོས》དང《བཀའ་གདམས་བུ་ཆོས》གཉིས་ཀྱི་བརྗོད་དོན་གཙོ་བོ་ནི། ཕ་ཆོས་ནི་ཇོ་བོས་རྒྱལ་སྲིད་སྤངས་ནས་ཐར་བ་ཇི་ལྟར་མཛད་པ་དང་། ཇོ་བོ་གསེར་གླིང་དུ་བྱོན་པའི་རྣམ་ཐར། ཇོ་བོའི་རྣམ་ཐར་རྒྱས་པ། འབྲོམ་སྟོན་མཛད་པའི་ཇོ་བོའི་རྣམ་ཐར། དགེ་བཤེས་སྟོན་པའི་མཛད་པའི་གླེགས་བམ་གྱི་བཀའ་རྒྱ། ཞུས་ལན་ནོར་བུའི་ཕྲེང་བ་ལྷ་ཆོས་བདུན་ལྡན་གྱི་བླ་མ་བརྒྱུད་པ་རྣམས་ཀྱི་རྣམ་ཐར། ཉམས་ལེན་སྙིང་གི་ཐིག་ལེའི་གསལ་བྱེད། འབྲོམ་སྟོན་གྱི་རང་རྒྱུད་ལ་བསྐུལ་མ་འདེབས་པའི་དད་པའི་ལྗོན་ཤིང་། ཇོ་བོ་ཡབ་སྲས་ཀྱི་གསུང་བགྲོས་པ། བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བུའི་རྩ་འགྲེལ། ཞུས་ལན་གྱི་དངོས་གཞི་ནོར་བུའི་ཕྲེང་བ་བཅས་བརྗོད་གཞིར་བཟུང་ཡོད། བུ་ཆོས་ནི་འབྲོམ་སྟོན་པའི་སྐྱེས་རབས་ཇོ་བོ་རྗེས་གསུངས་པ་ལེའུ་ཉེར་གསུམ་དང་འབུལ་མོ་ཆེ་དང་ལུང་བསྟན་སོགས་བརྗོད་གཞིར་བཟུང་ཡོད། སྐབས་བབ་ཀྱི་ལེའུ་འདིའི་བརྗོད་དོན་གཙོ་བོ་ནི། སྤྱན་རས་གཟིགས་དབང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དེ་ཉིད་སྔར་གྲོང་ཁྱེར་སྒྲ་ལྡན་དུ་དགེ་བའི་བཤེས་གཉེན་ཁྱེའུ་པདྨར་སྐྱེ་བ་བཟུང་བའི་ཚེ་ན། བླ་མ་དང་མཁན་པོ་ལ་སྲི་ཞུ་དང་རིམ་གྲོ་སྒྲུབ་པ། སྐྱེས་བུ་དམ་པ་དག་ལ་སྟོན་པའི་མོས་པ་འཛིན་པ། སེམས་ཅན་རྣམས་ལ་ཕ་མ་བུ་ཚའི་འདུ་ཤེས་སྐྱེད་པ་སོགས་ལེགས་པར་བསྟན་པའོ། །
གསུམ་པ། སྒྱུ་རྩལ་གྱི་ཁྱད་ཆོས།
འཕྲིན་ལས་ཆེས་ཆེར་རྒྱས་པའི་རྒྱུ་མཚན་གྱི་ཡོན་ཏན་ལ་ཡང་། བརྗོད་བྱའི་སྲོག་ཏུ་བཟུང་བའི་བཀའ་གདམས་ཀྱི་ལྟ་བ་འཆད་པར་སངས་རྒྱས་ཀྱི་སྐྱེས་རབས་དང་ལོ་རྒྱུས་ངག་རྒྱུན་གྱི་ལམ་དུ་དྲངས་པས་ངོ་མཚར་ཞིང་ཡིད་འཁུལ་བ། གཞུང་དོན་གྱི་སྙིང་བོ་བསྟན་བཅོས་ཀྱི་ཆོས་སྐད་ལྷོད་ཅིང་ཡུལ་ཆོས་དང་མཐུན་པའི་ཕལ་སྐད་དུ་སོང་བས་གོ་སླ་ཞིང་འཛིན་བད་བ། རྗོད་བྱེད་ཀྱི་ཚིག་རིས་འཇམ་ཞིང་དཔེ་འཇོག་ཉམས་ཅན་དུ་ཐོན་པས་རྣ་བར་སྙན་ཞིང་བློ་ལ་འཐད་པ་སོགས་ཐུན་མིན་གྱི་ཁྱད་ཆོས་མང་དུ་ཡོད་པས་སོ། །
བཞི་བ། རྩོམ་པའི་འཕྲིན་ལས།
བཀའ་གདམས་གླེགས་བམ་ཡི་གེར་བཏབ་ཅིང་ཐོག་མར་ཕྱོགས་བསྒྲིགས་མཛད་མཁན་ནི་རྔོག་ལེགས་པའི་ཤེས་རབ་ཡིན་ཞིང་དེའི་ལུང་རྒྱུན་ཡང་ཁོང་ནས་སྤེལ་བ་ཡིན། རྔོག་ལེགས་པའི་ཤེས་རབ་ནས་མངའ་རིས་པ་ཤེས་རབ་རྒྱལ་མཚན་དང་། དེ་ནས་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། དེ་ནས་ཀ་མ་བ་རིན་ཆེན་རྒྱལ་མཚན། དེ་ནས་ཞང་སྟོན་དར་མ་རྒྱལ་མཚན། དེ་ནས་སྟབས་ཀ་བ་བྱང་ཆུབ་བཟང་བོ། དེ་ནས་སློབ་དཔོན་ནམ་མཁའ་རིན་ཆེ། དེ་ནས་འབྲོམ་སྟོན་ཀུ་མཱ་ར་མ་ཏི་བཅས་རིམ་པར་ཆིག་བརྒྱུད་དུ་བྱུང་བ་ཡིན། འབྲོམ་སྟོན་ཀུ་མཱ་ར་མ་ཏིའམ་གཞོན་ནུ་བློ་གྲོས་ཀྱིས་བཀའ་གདམས་གླེགས་བམ་ཧྲིལ་བོར་དགུང་ལོ་བཅོ་ལྔའི་སྟེང་ནས་བློ་ལ་བྱང་བས། ཁོང་གི་བླ་མ་ནམ་རིན་པས་གླེགས་བམ་གྱི་མན་ངག་ཐིག་ལེ་དང་བཅས་པ་ཞིབ་པར་ཆིག་བརྒྱུད་དུ་གནང་ཡང་གླེགས་བམ་གྱི་པོ་ཏི་ཁོང་ལ་མ་གཏད་པར་སྣར་ཐང་དགོན་དུ་བཞག འབྲོམ་སྟོན་ཀུ་མཱ་ར་ཏིས་ཐུགས་ལ་གསལ་བ་ཇི་བཞིན་གསུངས་ཤིང་། སྣར་ཐང་གི་མཁན་རབས་དགུ་བ་མཁན་ཆེན་ཉི་མ་རྒྱལ་མཚན་གྱིས་གླེགས་བམ་ཆ་ལག་དང་བཅས་པ་གསན་ཞིང་ཡང་བསྐྱར་ཤིང་དཔར་དུ་བསྐྲུན་པས་འཕྲིན་ལས་ཀྱི་འོད་སྣང་རྒྱ་ཆེར་འགྱེད་པའི་གྲབས་ཡོངས་སུ་ཕྱེ། འབྲོམ་སྟོན་གཞོན་ནུ་བློ་གྲོས་ནས་རིམ་གྱིས་དཔའ་བོ་གཙུག་ལག་ཕྲེང་བ་བརྒྱུད་དེ་ཀརྨ་བཀའ་བརྒྱུད་དང་། རྒྱལ་དབང་དགེ་འདུན་གྲུབ་བརྒྱུད་ནས་དགེ་ལུགས་པའི་ཕྱོགས་སུ་རྒྱ་ཆེར་དར་མགོ་ཚུགས། ཇོ་ནང་བའི་ཕྱོགས་སུ་དར་ནས་གྲུབ་མཐའ་མང་བོའི་སློབ་བུ་ཁག་གི་གླེགས་བམ་མན་ངག་དང་བཅས་པའི་འཆད་ཉན་བྱས་ཚུལ་ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་རང་རྣམ་དུ་གསལ། ས་སྐྱའི་བདག་ཆེན་རིམ་བྱོན་གྱིས་གསན་ཚུལ་ས་སྐྱའི་གདུང་རབས་བང་མཛོད་ཀྱི་ཁ་སྐོང་སོགས་སུ་གསལ།འདི་དག་གིས་མཚོན་པའི་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་མང་བོས་འདི་ལ་གསན་སྦྱོང་དང་འཆད་ཉན། མཇལ་ཀློག་གི་སྲོལ་བཟང་མི་ནུབ་ད་ལྟའི་བར་དུ་རྒྱུན་བསྐྱངས་དང་སྐྱོང་བཞིན་འཕྲིན་ལས་གཏེར་བརྒྱ་འབྱེད་པའི་སྒོ་ཆེན་ཡངས་པོར་ཕྱེ་བའོ། ། 
ཟུར་མཆན། 
ལེའུ་འདི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཤེས་རིག་ནོར་བུའི་བང་མཛོད་ཀྱི་དཔེ་ཚོགས་སུ་བསྒྲིགས་ཤིང་པར་དུ་བསྐྲུན་པའི《བཀའ་གདམས་ཕ་ཆོས》དང《བཀའ་གདམས་བུ་ཆོས》གཉིས་ལས། བུ་ཆོས་ཀྱི་ཤོག་ངོས387དུ་བཞུགས།
Z1m康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论