དག་ཡིག་མཁས་པ་དགའ་སྐྱེད་ཀྱི་འགྲེལ་བ་ཀུན་ཕན་སྨན་གྱི་ལྗོན་པ་བཞུགས་སོ། །
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

དག་ཡིག་མཁས་པ་དགའ་སྐྱེད་ཀྱི་འགྲེལ་བ་ཀུན་ཕན་སྨན་གྱི་ལྗོན་པ་བཞུགས་སོ། །

ཡོང་ཁུངས། :   རྩོམ་པ་པོ།:   ཀློག་གྲངས།: སྤེལ་དུས། : 2020-06-30 11:13:02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དག་ཡིག་མཁས་པ་དགའ་སྐྱེད་ཀྱི་འགྲེལ་བ་ཀུན་ཕན་སྨན་གྱི་ལྗོན་པ་བཞུགས་སོ། །wRJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    སྨྲ་བའི་ལྷ་གཅིག་འཇམ་དཔལ་གཞོན་ནུའི་བྱིན་རླབས་རྩེ་དགའ་དང་འགྲོགས་ཤིང། །རྨད་བྱུང་ཐུགས་རྗེ་གཞན་ལས་ལྷག་པའི་གནས་ལྔ་རིག་པའི་དཔའ་བོ་ཆེ། །མཁས་གྲུབ་ཕལ་བས་སྐྱོད་པར་མ་ནུས་ཟླ་མེད་ལྔ་ཟུང་རིག་པའི་དར། །སྲིད་གསུམ་ཁྱོན་ན་ད་དུང་འཕུར་འདི་ཁྱོད་དྲིན་ཡིན་ནོ་རྣམ་ཀུན་མཆོད། །ཐུབ་བསྟན་རིན་ཆེན་ལེགས་ཚོགས་འབྱུང་གནས་ཡངས་པའི་ས་སྟེང་ཀུན་ཏུ་བརྡལ། །སྲིད་གསུམ་རྨོངས་པའི་གཡུལ་ངོ་མཐའ་དག་མུ་མཐའ་མེད་པའི་དབྱིངས་སུ་བསྐྲད། །རྒྱ་བོད་གཞུང་བརྒྱའི་དཀའ་གནད་བཀྲོལ་མཁས་སྔོན་བྱོན་མཁས་དང་གྲུབ་པའི་ཚོགས། །གདོང་མར་འགྲོ་བའི་བཀའ་དྲིན་གཞལ་མེད་ནམ་ཡང་གཙུག་གི་རྒྱན་དུ་བསྙེན། །བརྡ་སྤྲོད་རིག་པའི་ཐེམ་སྐས་མ་བརྒྱུད་ན། །རིག་གཞུང་རི་རྩེར་སོན་པ་མ་ལགས་པས། །སྔོན་བྱོན་མཁས་པའི་གསུང་རབ་ལ་བརྟེན་ནས། །བློ་རྩལ་སྦྱོང་ཕྱིར་འདི་ཉིད་འབྲི་ལ་བརྩོན། །ཆོས་རྒྱལ་ཆང་གིས་བཟི་བ་ཁོ་ན་མིན། །འདོད་ཡོན་ཟ་ཟིས་སྨྱོས་པ་སྲིད་མཐའ་ཙམ། །གྲགས་འདོད་རླུང་གིས་ཁུར་བ་རྐྱང་རྐྱང་མིན། །སྐལ་མཉམ་གྲོགས་ལ་ཕན་པའི་སེམས་འདིས་ཀྱང་། །སུ་ཞིག་ཚིག་གིས་འཁྲུལ་བ་ལེགས་བཅད་ནས། །དོན་བཟང་བདུད་རྩིའི་ཉིང་བཅུད་འཐུང་འདོད་ན། །མཁས་མང་དགའ་བ་སྐྱེད་པའི་ལེགས་བཤད་འདི། །ལན་ཅིག་བརྟེན་དང་འདོད་དགུ་ཆར་དུ་འཇོ། །དེ་ཡང་རྒྱལ་ཚབ་ས་བཅུའི་དབང་ཕྱག་གི་ཞལ་སྔ་ནས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་བཟུང་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་གསུངས་པ་ལྟར། འདིར་རིག་གནས་ཆེ་བ་ལྔའི་ཡ་གྱལ་སྒྲ་རིག་པ་ནི་བོད་རང་གི་དབང་དུ་ན། སུམ་རྟགས་དག་གསུམ་འདི་ཉིད་ཡིན་པར་ཀུན་མཁྱེན་མི་ཕམ་རྒྱ་མཚོ་སོགས་མཁས་པ་མང་ པོས་མགྲིན་གཅིག་ཏུ་གསུངས་པ་ལྟར། འདིར་གང་ཞིག་གླེང་བར་བྱ་བ་ནི་སུམ་རྟགས་དག་གསུམ་ལས་ཕྱི་མ་ཡིན་ལ། སྤྱིར་སུམ་རྟགས་དག་གསུམ་ལས་དག་ཡིག་གི་གཞུང་ནི་ཐོག་མར་ཐུ་མི་སཾ་བྷོ་ཊའི་སུམ་ རྟགས་ཀྱི་གཞུང་ལ་བརྟེན་ཏེ་བོད་སྤྱི་སྐད་དང་མཐུན་པར་རྗེས་འཇུག་གི་མཁས་པ་དག་ གིས་གསར་དུ་མཛད་པ་ཞིག་ཡིན་ལ། མངའ་བདག་ཁྲི་རལ་བ་ཅན་ཀྱི་སྐུ་དུས་སུ་པཎྜི་ཏ་ཛི་ན་མི་ཏྲ་དང་དཱ་ན་ཤི་ལ་ལོ་ཙཱ་ བ་ཞང་ཡེ་ཤེས་སྡེ་སོགས་ཀྱིས་མཛད་པའི་སྒྲ་རིག་པའི་བསྟན་བཅོས་བྱེ་བྲག་རྟོགས་ བྱེད་ཆེན་མོའམ་སྒྲ་སྦྱོར་བམ་གཉིས་ནི་ཆེས་ཐོག་མའི་དག་ཡིག་གི་གཞུང་ཡིན་པ་དང་། དེ་རྗེས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་དག་ཡིག་ཉེར་མཁོ་བསྡུས་པ། ཞཱ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་དག་ཡིག་ཟ་མ་ཏོག དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོས་མཛད་པའི་དག་ཡིག་ངག་སྒྲོན། ཁམས་ཀྱི་འཇུ་མི་ཕམ་པས་མཛད་པའི་ས་མཐའ་མེད་སྨྲ་དགག་པ་ལེགས་བཤད་རིན་པོ་ཆེའི་ གཏེར་སོགས་མཁས་པ་མང་པོས་མཛད་པའི་དག་ཡིག་གི་གཞུང་ཤིན་ཏུ་མང་ལ། རབ་བྱུང་བཅུ་གཉིས་པའི་ནང་དུ་རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོའི་དྲུང་ཡིག་པ་ སྒྲའི་ཀུན་བཤད་ཀྱི་མིང་ལ་དབྱངས་ཅན་རོལ་བའི་འོ་མཚོར་འབོད་པ་གང་གིས་ཕྱི་ལོ ༡༦༩༩ ལོའི་རབ་བྱུང་བཅུ་གཉིས་པའི་ས་ཡོས་ལོར་བརྩམས་པའི་དག་ཡིག་མཁས་པ་དགའ་སྐྱེད་ འདི་ཉིད་སྔོན་བྱོན་མཁས་པ་དག་གི་གསུང་ལ་ཁུངས་བཅོལ་ཞིང་དེ་དག་ལས་ཉེར་མཁོའི་ཆ་ རྣམས་བཏུས་པའི་ཚད་ལྡན་གྱི་གཞུང་ཞིག་ཡིན་པས། དེང་དུས་བོད་ཡིག་གསར་སློབ་པ་དག་ལ་དགོས་མཁོ་ཧ་ཅང་ཆེ་བར་མ་ཟད་འདི་ཉིད་གོ་སླ་ ཞིང་འདི་ཙམ་མ་ཤེས་པར་རིག་གཞུང་གཞན་ཞིག་ལ་འཇུག་པའི་ཐབས་མེད་པ་ལྟ་བུ་ཞིག་ཏུ་ གྱུར་ཡོད།དེས་ན་བདག་གིས་སྐབས་འདིར་ཡང་གསར་སློབ་དག་ལ་དམིགས་ཏེ་དག་ཡིག་མཁས་པ་ དགའ་སྐྱེད་འདི་ཉིད་གོ་བདེ་བའི་ལམ་ནས་དོན་རྣམས་བསྡུས་ཏེ་འཆད་པར་བྱེད་པའམ་ གསལ་བར་བཤད་པ་ལ། ཀླད་དོན། གཞུང་དོན། མཇུག་དོན་ཏེ་གསུམ་ཡོད་པ་ལས།ས་བཅད་དང་པོ།ཀླད་ཀྱི་དོན་ལ། མཚན་སྨོས་པ་དང་། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ་གསུམ་ལས།དང་པོ་མཚན་དོན་ནི། དག་ཡིག་མཁས་པ་དགའ་སྐྱེད། ཅེས་གསུངས། དེའི་དོན་ནི། སྤྱིར་ཡི་གེ་མཐའ་དག་དག་པར་བྱེད་པ་ལ་གཙོ་བོ་ཕྲད་རྣམ་དབྱེ་དང་བྱ་ཚིག་མིང་ རྐྱང་སྟེ་ཚོགས་གསུམ་ལས་མིང་གི་ཚོགས་དག་པར་བྱེད་པས་ན་ད༵ག་ཡི༵ག་ཅེས་བརྗོད། དག་ཡིག་ཅེས་པ་ནི་ཁྱད་གཞི་ཡི་གེ་དང་ཁྱད་ཆོས་དེ་ཉིད་དག་པར་བྱེད་པས་ན་དག་ཡིག་ ཅེས་བྱེད་ལས་ཀྱི་མིང་བཏགས་པའང་ཡིན། མཁས་པར་བྱ་བའི་གནས་ལ་མཁས་པས་ན་མཁས་པ་སྟེ། ས་པཎ་གྱིས། བྱེ་བྲག་སྦྱང་བའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པ་ཡིན། །ཞེས་གསུངས་པ་ལྟ་བུའི་མཁ༵ས་པ༵་ཀུན་ཀྱང་གཞུང་འདི་ཉིད་མཐོང་ཚེ་ཤེས་བྱའི་གནས་ ལ་འཇུག་འདོད་ཀྱིས་ཐུགས་ལ་དག༵འ་བ་ཚད་མེད་པ་སྐྱེད་པར་བྱེད་པའམ་སྤྲོ་བ་སྐྱེད་ པར་བྱེད་ནུས་པའི་བསྟན་བཅོས་ཞིག་ཡིན་ནོ་ཞེས་པས་མཚན་སྨོས་པའོ། །སྤྱིར་བསྟན་བཅོས་ལ་མིང་འདོགས་ཚུལ་མང་དུ་ཡོད་དེ། དཔེར་ན། རྩོམ་པ་པོའི་མིང་གིས་བཏགས་པ་བུ་སྟོན་ཆོས་འབྱུང་། བརྗོད་བྱའི་སྒོ་ནས་བཏགས་པ་རྟགས་འཇུག གྲངས་ཀྱི་སྒོ་ནས་བཏགས་པ་སུམ་ཅུ་པ། གཞན་ཡང་གནས་དང་ཞུ་བ་པོ་འབྱུང་ཁུངས་སོགས་ཀྱི་དབང་གིས་འདོགས་ཚུལ་མང་དུ་ཡོད་ ཀྱང་དག་ཡིག་མཁས་པ་དགའ་སྐྱེད་ཅེས་པའི་བསྟན་བཅོས་འདི་ཉིད་ལ་མཁས་པ་དག་ལ་དགའ་བ་ སྐྱེད་ནུས་པའི་ཕྱིར་བྱེད་ལས་ཀྱི་སྒོ་ནས་མིང་བཏགས་པ་ཡིན་ནོ། །གཉིས་པ་མཆོད་པར་བརྗོད་པ་ལ་ཐོག་མར་འགྱུར་ཕྱག་དང་མཐུན་པར་ལྷ་མོ་དབྱངས་ཅན་མ་ ལ་ཕྱག་འཚལ་བ་ནི། ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དུ། ན་མོ་ཝ་གཱི་ཨིནྡྲ་ནི་དེ་ཝི་སྭ་ར་སྭ་སྟྱེེ། ཞེས་པའི་དོན་ནི། ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མ་ཕྱག་འཚལ་ལོ་ཞེས་པའོ། །བོད་སྐད་དང་ཤན་སྦྱར་ན། ན༵་མོ༵་ཕྱག་འཚལ་བའི་དོན་དང་། ཝ༵་གཱི༵་ངག ཨི༵ནྡྲ་ནི༵་དབང་ཕྱུག དེ༵་ཝི༵་ལྷ་མོ། སྭ༵་ར༵་སྭ༵་སྟི༵་དབྱངས་ཅན་མ། ཡ༵་ཞེས་པ་ལ་དོན་ཡིན་ནོ། །དེ་ན་བརྗོད་པ་སྒྲ་ཡི་རང་བཞིན་མ་ལུས་པ་ལ་མངའ་བརྙེས་པའི་ངག་གི་དབང་ཕྱུག་ཤེས་ རབ་ཀྱི་ལྷ་མོ་དབྱངས་ཅན་མ་ལ་ཡིད་དད་པའི་སྒོ་ནས་ངག་གིས་བསྟོད་དབྱངས་བརྗོད། ལུས་ཀྱིས་མགོ་བོ་བཏུད་དེ་གུས་པས་ཕྱག་འཚལ་ལོ་ཞེས་པའི་དོན་ནོ། །དང་པོ། རང་གི་ལྷག་པའི་ལྷ་ལ་མཆོད་པར་བརྗོད་པ་ནི།འདྲེན་མཆོག་ཤཱཀྱ་སེངྒེ་ཡིས། །ལེགས་གསུངས་ཆོས་ཀྱི་འཁོར་ལོའི་དོན། །ཚུལ་བཞིན་དཔྱོད་པའི་ཤེས་རབ་མིག །སྩོལ་མཛད་ལྷ་དང་བླ་མར་འདུད། །ཅེས་གསུངས་པའི་དོན་ནི། གདུལ་བྱའི་སྐྱེ་འགྲོ་མཐའ་དག་ཁམས་གསུམ་འཁོར་བའི་གནས་ནས་ཐར་བ་དང་ཐམས་ཅད་ མཁྱེན་པའི་གོ་འཕང་མཆོག་ལ་འགོད་པའམ་འཁྲིད་པར་བྱེད་པའི་འདྲེན་པ་མཆོག་སྟེ་ ཤཱཀྱ་སེངྒེ་། ཤཱཀྱ་ནི་ཕོད་པའམ་ནུས་པའི་དོན་ཅན་ལ་གོ་བ་དང་། དེ་ལས་བྱུང་བའི་རྒྱ་གར་གྱི་མིའི་རིགས་ཤིག་སྟེ་བདག་ཅག་གི་སྟོན་པའི་རིགས་རུས་ ལ་གོ་དགོས། དེ་ཉིད་སྐྱེ་འགྲོ་མཆོག་དམན་ཀུན་གྱི་སྐྱབས་མཆོག་གཙོ་བོར་གྱུར་བས་ན་སེངྒེ་ ཞེས་དཔེ་གཅན་གཟན་གྱི་རྒྱལ་པོ་སེངྒེ་དང་མཚུངས་པར་བརྗོད་པ་ཡིན། དེ་ཡིས་གནས་ཝཱ་རཱ་ཎ་སི་དང་རི་དབང་བྱ་རྒོད་ཕུང་པོ་ཡངས་པ་ཅན་སོགས་སུ་བདེན་ བཞི་དང་མཚན་ཉིད་མེད་པ། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་རིམ་པ་གསུམ་ལེགས་པར་གསུངས་བའི་ཆོས་ཀྱི་ འཁོར་ལོའི་དགོངས་དོན་མ་ལུས་པ་མ་རྟོགས་པ་དང་ལོག་པར་རྟོག་པ་ཐེ་ཚོམ་སོགས་ཀྱི་ དྲི་མ་དང་བྲལ་བའི་དེའི་དོན་ཚུལ་ཇི་ལྟ་བུ་བཞིན་ལེགས་པར་དཔྱོད་པའི་ཤེས་རབ་ ཀྱི་མིག་སྟེ། མིག་ལྟ་བུའི་ཤེས་རབ་ཉིད་རང་ལ་སྩོལ་བར་མཛད་པའི་ལྷག་པའི་ལྷ་མཆོག་འཕགས་པ་འཇམ་ དཔལ་དབྱངས་དང་དབྱེར་མེད་པའི་རྩོམ་པ་པོའི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་ མར་དུས་རྟག་ཏུ་སྒོ་གསུམ་གུས་པའི་འདུད་པ་སྟེ་ཕྱག་འཚལ་བ་ཡིན་ནོ་ཞེས་སོ། །གསུམ་པ། རྩོམ་པར་དམ་བཅའ་བ་ནི།གང་དེའི་བསྟན་པའི་ཉིན་བྱེད་འབུམ། །གངས་ཅན་དགུང་དུ་འདྲེན་པའི་མཆོག །ཐོན་མིའི་གཞུང་ལས་ཉེར་མཁོའི་ཆ། །འགའ་ཞིག་བཏུས་ནས་འདིར་གཅིག་བྱ། །ཞེས་པས་བསྟན་ལ། འདྲེན་མཆོག་ཤཱཀྱ་སེངྒེ་གང་དེས་ལེགས་པར་གསུངས་པའམ་བསྟན་པ་དམ་པའི་ཆོས་དེ་དཔེ་ ཉིན་བྱེད་དེ་ཉི་མ་འབུམ་གྱི་འོད་ཟེར་གྱི་གཟི་བྱིན་དང་མཚུངས་པ་དེ་ཉིད། རང་རེ་བོད་གངས་ཅན་གྱི་མུན་པའི་མཁའ་དབྱིངས་སམ་དགུང་དུ་འདྲེན་པའི་མཁས་པ་མཆོག་ སྟེ་ཐོན་མི་སམ་བྷོ་ཊའི་སུམ་རྟགས་དང་མཁས་པ་མང་པོས་མཛད་པའི་དག་ཡིག་གི་གཞུང་ རྣམས་ལས་ཉེར་བར་མཁོ་བའི་སུམ་ཅུ་པ་དང་དག་ཡིག་སོགས་ཀྱི་ཡི་གེའི་ཆ་འགའ་ཞིག་ ལེགས་པར་བཏུས་པའམ་བླངས་པར་བྱས་ནས་འདིར་ཕྱོགས་གཅིག་ཏུ་བསྡུས་ཏེ་བཤད་པར་བྱའོ་ ཞེས་སོ། །ས་བཅད་གཉིས་པ།གཞུང་གི་དོན་ལ། མགོ་འདོགས་ཀྱི་རྣམ་བཞག་བཤད་པ། རྣམ་དབྱེ་དང་ཚིག་ཕྲད་འདྲེན་ཚུལ་བཤད་པ། ཚིག་དང་དོན་གྱི་འཁྲུལ་སྤོང་བཤད་པ་དང་གསུམ་ལས།དང་པོ་མགོ་འདོགས་ཀྱི་རྣམ་བཞག་ བཤད་པ་ལ། སྤྱིར་དབྱངས་གསལ་གཏན་ལ་ཕབ་ཚུལ་བཤད་པ། མགོ་འདོགས་ཅན་གྱི་ཡི་གེའི་དབྱེ་བ་བཤད་པ། མགོ་འདོགས་ཅན་གྱི་ཡི་གེའི་ངོ་བོ་བཤད་པ། སྔོན་འཇུག་བཤད་པ། རྗེས་འཇུག་བཤད་པ་ལྔ་ལས།དང་པོ། སྤྱིར་དབྱངས་གསལ་གཏན་ལ་ཕབ་ཚུལ་བཤད་པ་ནི།འཇམ་དབྱངས་ཐོན་མིས་འཕགས་ཡུལ་དུ། །ཡིག་རིགས་ཀུན་བསླབས་གངས་ཅན་བརྡར། །མཁོ་བའི་གསལ་བྱེད་སུམ་ཅུ་དང་། །དབྱངས་བཞི་དང་བཅས་གཏན་ལ་ཕབ། །ཅེས་པས་བསྟན་ལ། རྒྱལ་རབས་སོ་གཉིས་པ་འཕགས་མཆོག་སྤྱན་རས་གཟིགས་དབང་མིའི་གར་དུ་རྩེན་པ། ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་ཉིད་ཀྱིས་བཀའ་ལུང་བཞིན་དུ་རྗེ་བཙུན་འཇམ་པའི་ དབྱངས་ཀྱི་རྣམ་རོལ་བོད་ཀྱི་མཛངས་བློན་ཆེན་པོ་ཐོན་མི་སཾ་བྷོ་ཊས་དཀའ་བ་དང་དུ་ བླངས་ངལ་བ་ཁྱད་དུ་བསད་དེ་བགྲོད་དཀའ་བ་རྒྱ་གར་འཕགས་པའི་ཡུལ་དུ་བརྟོལ་ཏེ་བྲམ་ ཟེ་ལེགས་བྱིན་ཀ་ར་སོགས་སློབ་དཔོན་མང་དུ་བསྟེན་ཏེ་ཡིག་རིགས་མི་འདྲ་བ་མདོ་ རྒྱ་ཆེར་རོལ་བ་ལས་གསུངས་པ་ལྟར་ན་ཡིག་རིགས་དྲུག་ཅུ་རྩ་བཞི་ལ་བསླབས་པ་དང་། སྒྲ་རིག་པ་སོགས་རིག་པའི་གཞུང་ལུགས་ཀུན་ལ་བསླབས་པར་བྱས་ཏེ་མཐར་བོད་དུ་ཕེབས་ ནས་གངས་ཅན་གྱི་བརྡར་ཡང་དག་པར་སྤྲོད་པ་ལ་ཉེ་བར་མཁོ་བའི་གསལ་བྱེད་ལ་ཀ་ནས་ཨའི་ བར་གྱི་གྲངས་སུམ་ཅུ་དང་། དབྱངས་ལ་ཨི་ཨུ་ཨེ་ཨོ་སྟེ་བཞི་དང་བཅས་དབྱངས་གསལ་སོ་བཞི་ཉིད་དུ་གཏན་ལ་ཕབ་པར་ བྱས་པ་ཡིན་ནོ། །གཉིས་པ། མགོ་འདོགས་ཅན་གྱི་ཡི་གེའི་དབྱེ་བ་བཤད་པ།གསལ་བྱེད་རྣམས་ལས་ཡ་བཏགས་བདུན། །ར་བཏགས་བཅུ་དང་ལ་བཏགས་དྲུག །ཝ་བཏགས་བཅུ་གཉིས་མགོ་ཅན་གསུམ། །འཕུལ་དང་མཐའ་རྟེན་སོགས་སུ་དབྱེ། །ཞེས་པའི་བསྟན་ལ། གོང་དུ་བཤད་པའི་གསལ་བྱེད་སུམ་ཅུ་པོ་དེ་རྣམས་ལས། ཡོངས་གྲགས་ལ་ནང་གསེས་ཀྱིས་དབྱེ་ན་ཡ་བཏགས་ཅན་བདུན་དང་། ར་བཏགས་ཅན་བཅུ་དང་ལ་བཏགས་ཅན་དྲུག་ཝ་ཟུར་ཅན་ནམ་ཝ་བཏགས་ཅན་བཅུ་གཉིས། ར་མགོ་ལ་མགོ་ས་མགོ་སྟེ་མགོ་ཅན་གསུམ། སྔོན་འཇུག་གམ་འཕུལ་ཡིག་ལྔ་དང་། མཐའ་རྟེན་ནམ་རྗེས་འཇུག་གི་ཡི་གེ་བཅུ་སོགས་སུ་དབྱེ་བ་ཡོད་པ་ཡིན་ནོ། །གསུམ་པ། མགོ་འདོགས་ཅན་གྱི་ཡི་གེའི་ངོ་བོ་བཤད་པ་ནི།ཡ་བཏགས་བདུན་ནི་ཀ་ཁ་དང་། །ག་དང་པ་ཕ་བ་མ་འོ། །ར་བཏགས་ཀ་ཁ་ག་དང་ད། །པ་ཕ་བ་མ་ས་ཧ་འོ། །ལ་བཏགས་དྲུག་ནི་ཀ་དང་ག །བ་ཟ་ར་དང་ས་ཡིན་ནོ། །ཝ་བཏགས་ཀྭ་ཡེ་འདབ་ཆགས་ཁྭ། །བཅྭོ་བརྒྱད་ཉྭ་བཞི་དྭ་ཕྲུག་བུ། །རྩྭ་སྔོན་ལན་ཚྭ་ཕྲུག་ཞྭ་གྱོན། །རྭ་ཅོ་ཤྭ་དྲག་ལྭ་བའི་ཧྭ། །ར་ལ་ས་ཡི་མགོ་ཅན་ནི། །ར་མགོ་ལྡན་པ་ཀ་ག་ང་། །ཇ་ཉ་ཏ་ད་ན་དང་ནི། །བ་མ་ཙ་དང་ཛ་ལ་འོ། །ལ་མགོ་བཅུ་ནི་ཀ་ག་ང་། །ཅ་ཇ་ཏ་ད་པ་བ་ཧ། །ས་མགོ་ཀ་ག་ང་ཉ་ཏ། །ད་ན་པ་བ་མ་ཙ་ལའོ། །ཞེས་པས་བསྟན་ལ། གསལ་བྱེད་སུམ་ཅུ་ལས་ཡ་བཏགས་ཅན་གྱི་ཡི་གེ་བདུན་ནི་ཀ་ཁ་དང་། ག་དང་པ་ཕ་བ་མའོ། །དེ་དག་ལ་དཔེར་བརྗོད་མཚོན་ཙམ་བཞག་ན། ཀྱ་ནི། ཀྱ་རེ་ཀྱོར་རེ་འགྲོ། ཀྱ་གེ་ཀྱོག་གེ་ལྟ་བུ། ཁྱ་ནི། ཁྱར་ཁྱོར་འགྲོ་ལ། ཁྱ་རེ་ཁྱོར་རེ་དང་། ཁྱད་པར་བ་ལྟ་བུ། གྱ་ནི། ཕུན་སུམ་ཚོགས་པ་ལ་གྱ་ནོམ་པ། ཤིང་གྱ་གྱུ་ཅན་ལྟ་བུ། པྱ་ནི། རྐྱང་པ་འཇུག་པར་མ་མཐོང་ལ། ཁྲལ་ལེན་པ་པོ་ལ། དཔྱ་བ། བརྟགས་དཔྱོད་བཏང་བ་ལ། དཔྱད་པ་བྱས་ལྟ་བུ། ཕྱ་ནི། ངོས་མཉམ་པའི་དབྱིབས་ལ། ཕྱ་ལེ་བ། ཟུར་ཟ་དང་འཕྱ་སྨོད་བྱེད་པའི་མིང་ལ། འཕྱ་ཕྱ་མ་གཏོངས་ལྟ་བུ། བྱ་ནི། བྱ་རྒོད་དང་། ཁང་པའི་མདའ་ཡབ་ཀྱི་འོག་ལ། བྱ་སྐྱིབས་ཟེར་བ་ལྟ་བུ། མྱ་ནི། རྩྭ་ཆུ་མེད་པའི་བྱེ་ཐང་ལ། མྱ་ངན་གྱི་ཐང་ཆེན་དང་། སྐྱོ་སྡུག་གིས་མནར་བ་ལ། མྱ་ངན་བྱེད་ལྟ་བུ་སོགས་མང་དུ་ཡོད་དོ། །ར་བཏགས་ཅན་རྣམས་ནི་ཀ་ཁ་ག་དང་ད་པ་ཕ་བ་མ་ས་ཧ་སྟེ་བཅུའོ། །ཀྲ་ནི། རྐྱང་པ་ཆེར་མི་འཇུག་ལ། རྐང་ལག་གི་རྣམ་འགྱུར་གྱི་མིང་། རྐང་ལག་ཀྲབ་ཀྲབ་བྱས་ནས་གར་འཁྲབ་ལྟ་བུ། མགོ་བོ་ཀྲོག་ཀྲོག་བྱས་ནས་ལྟ་ལྟ་བུ། ཁྲ་ནི། བྱ་ཁྲ་དང་། ཁྲ་བོ་ལྟ་བུ། གྲ་ནི། ཝ་ལྤགས་གྲ་ཁ་ཡག་དང་། གྲ་སྒྲིག་ལྟ་བུ། དྲ་ནི། དྲ་རས་དང་། ཁང་པའི་སྐར་ཁུང་དྲ་མིག་ཅན་གྱི་མིང་ལ། དྲ་མ་ཟེར། པྲ་ནི། པྲ་ཕབ་པ་དང་། བྱིས་པ་རྒོད་པོས་ཟིང་ཟིང་ལོང་ལོང་བྱས་པའི་མིང་ལ། པྲ་ཆལ་དང་ཡུལ་སྐད་ལ་ལར་པྲ་ཚག་ཟེར། ཕྲ་ནི། ཕྲ་མོ་དང་། ཕྲ་མ་ལྟ་བུ། བྲ་ནི། ཙི་གུའི་རིགས་ཤིག་ལ་ཨ་བྲ་དང་། ཟ་མི་བྲ་བ་ལྟ་བུ། མྲ་ནི། རྒྱ་སྐད་དུ་མང་ཀོ་ཟེར་བའི་ཤིང་ཏོག་ཅིག་གི་མིང་ལ། ཨ་མྲ་དང་། སྨྲ་ཤེས་དོན་གོ་ལྟ་བུ། སྲ་ནི། སྲ་མོ་དང་། སྲ་བརྟན་ལྟ་བུ། ཧྲ་ནི། མཐའ་རྟེན་ཡོད་པ། བྲག་གི་ཧྲག་བར་དང་། རྙིང་ནས་རལ་བར་གྱུར་པ་ལ། གོས་ཧྲུལ་ལྟ་བུ། གཞན་ཏྲ་ནི། ཁམས་ཏྲེ་བོ་དང་། སྨན་སླེ་ཏྲེ་ལྟ་བུ་དག་ལ་འཇུག་པ་དང་། ཐྲ་ནི། ཐྲིག་ཐྲིག་སྟེ་ལྷམ་ཞིག་གི་སྒྲ་ལྟ་བུ་ལ་འཇུག་པ་བཅས་བཅུ་གཉིས་ཡོད། ལ་བཏགས་ཅན་དྲུག་ནི་ཀ་དང་ག་བ་ཟ་ར་དང་ས་བཅས་ཡིན་ནོ། །ཀླ་ནི། ཀླ་ཀློ་དང་། ཀླད་པ་ལྟ་བུ། གླ་ནི། གཞན་ལ་ངལ་རྩོལ་བྱས་ནས་ཐོབ་པའི་རྔན་པའི་མིང་ལ། གླ་རྔན་དང་། རི་དྭགས་གླ་བ་ལྟ་བུ། བླ་ནི། བླ་མ་དང་། མིང་རྣམས་གྲངས་པའི་དོན་ལ། ཚིག་བླ་དྭགས་ལྟ་བུ། ཟླ་ནི། ཟླ་བ་དང་། གྲོགས་པོ་ལ་ཟླ་བོ་ལྟ་བུ། རླ་ནི། མཐའ་རྟེན་ཡོད་པ། རླན་ཤེར་དང་། རླབས་ཆེན་ལྟ་བུ། སླ་ནི། སླ་མོ་དང་། ཟས་གཡོ་བྱེད་ཀྱི་སྣོད་ལ། སླ་ང་ལྟ་བུ།ཝ་ཟུར་ཅན་ནམ་ཝ་བཏགས་ཅན་རྣམས་ནི། ཀྭ་ཁྭ་གྭ་ཅྭ་ཉྭ་དྭ་རྩྭ་ཕྱྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཧྭ་སྟེ་རྐྱང་བ་ལ་འཇུག་པ་བཅུ་ གཉིས་དང་བརྩེགས་མ་ལ་འཇུག་པ་གཉིས་བཅས་བཅུ་བཞི་ཡོད་ལ། དཔེར་ན་ཀྭ་ཡེ་ལྟ་བུའི་འབོད་པའི་སྒྲའི་ཀྭ་ལ་ཝ་ཟུར་ཡོད་པ་དང་། ཀ་བ་དང་ཀ་ར་སོགས་ལ་མེད། དེ་བཞིན་འདབ་ཆགས་ཀྱི་ཁྭ་སྟེ་ཁྭ་ཏ་ལྟ་བུ་ལ་ཝ་ཟུར་ཡོད་པ་དང་ཁ་སྣ་དང་ཁ་བ་དག་ལ་ མེད། གྭ་ལ་ཝ་ཟུར་ཡོད་པ་ནི་གདོང་དཀར་བའི་ཕྱུགས་ཀྱི་མིང་ལ་གཡག་གྭ་གྭ་དང་བཟོ་གྲྭ་ དག་ལ་ཝ་ཟུར་ཡོད་པ་དང་ག་རེ་ཐམ་ག་སོགས་ལ་མེད། གྲངས་བཅྭོ་བརྒྱད་དེ་བཅྭ་བརྒྱད་ཅེས་འབྲི་བའང་ཡོད། ཉྭ་བཞི་སྟེ་ཉྭ་ཤ་ལྟ་བུ་ལ་ཝ་ཟུར་ཡོད་པ་དང་བཟོ་བཅོས་བྱེད་པའི་བཅོ་བྱའི་འཕྲུལ་ འཁོར་དང་ཉ་མོ་དང་ཉ་རྒྱ་སོགས་ལ་མེད། རི་དྭགས་དང་དྭངས་པ་ཡི་དྭགས་དྭ་ཕྲུག་གམ་དྭ་བུ་དག་ལ་ཡོད་པ་དང་ད་ལྟ་ད་དུང་ སོགས་ལ་མེད། ཕྱྭ་གཡང་ལྟ་བུ་ལ་ཡོད་པ་དང་ཕྱ་ལེ་དང་འཕྱ་ཕྱ་མ་གཏོང་སོགས་ལ་མེད། རྩྭ་སྔོན་དང་ལན་ཚྭ་སྟེ་ཚ་ཁུ་དག་ལ་ཡོད་པ་དང་རྩ་ཕྲན་དང་རྩ་བ་ཚ་བ་ཚ་རུ་དག་ལ་ མེད། ཕྲུག་ཞྭ་སྟེ་ཞྭ་མོ་གྱོན་ལྟ་བུ་སོགས་ལའང་ཝ་ཟུར་འཇུག་པ་དང་ཞ་ར་དང་ཞ་སྨྱུག་ སོགས་ལ་མེད། ཟྭ་བུ་ནི་རྩྭ་སྨན་ཞིག་དང་སྒོ་ལ་ཟྭ་བརྒྱབས་ལྟ་བུ་ལ་ཝ་ཟུར་ཡོད་པ་དང་། ཟ་མ་ཟ་དང་ཟ་འཕྲུག་བྱུང་སོགས་ལ་མེད། ཕྱུགས་སོགས་ཀྱི་རྭ་ཅོ་དག་ལ་ཡོད་པ་དང་ར་བ་དང་ར་ལུག་སོགས་ལ་མེད། ཤྭ་དྲག་སྟེ་ཤྭ་འོད་ནི་ཆར་དྲག་པོ་བབས་པ་ལས་གློ་བུར་དུ་བྱུང་བའི་ཆུ་རྒྱུགས་ ཤུལ་གྱི་ས་གཤོང་ལ་ཟེར་བ་སོགས་ལ་ཝ་ཟུར་ཡོད་པ་དང་ལུག་ཤ་དང་ཤ་བ་སོགས་མང་བོ་ ཞིག་ལ་མེད། ལྭ་བའི་ཧྭ་བར་ཏེ་ལྭ་བའི་མཇུག་སྒོའི་མིང་དག་ལ་ཡོད་པ་དང་ལ་ལུང་ལ་རྒྱ་སོགས་མང་ པོ་ཞིག་ལ་མེད། རྩིག་པའི་བར་མཚམས་ལྟ་བུ་ལ་རྩིག་པའི་ཧྭ་བར་ཟེར་བ་སོགས་ལ་ཡོད་པ་དང་ཧ་ཅང་ཧ་གོ་ སོགས་ལ་མེད། སྤྱིར་ཝ་བཏགས་སམ་ཝ་ཟུར་འདོགས་པ་ནི་དགོས་པ་གཙོ་བོ་རིགས་མི་འདྲ་བ་གསུམ་གྱིས་ཤེས་པར་བྱ་སྟེ། དཔེར་ན། རིའི་རྩྭ་དང་ལུས་ཀྱི་རྩ་གཉིས་ལྟ་བུ་དག་ནི་མི་ནོར་བའི་ཆེད་དུ་ཝ་ཟུར་འདོགས་པ་ དང་། འདབ་ཆགས་ཁྭ་དང་དྭ་ཕྲུག་ལྟ་བུ་དག་ནི་ཁྭ་དང་དྭ་གཉིས་ཀྱི་སྒྲ་གདངས་ལ་རང་བཞིན་ གྱིས་བ་སྒྲ་ཡོད་པ་དང་། ཆུ་དྭངས་བ་དང་རི་དྭགས་ལྟ་བུ་དག་ནི་གོང་གི་གཉིས་དང་མི་འདྲ་བར་ཝ་ཟུར་འདོགས་པ་མེད་ན་མིང་གཞིའི་ཡི་གེ་ད་ཡིག་དེ་སྔོན་འཇུག་ཏུ་འབོད་པའམ་སྔོན་འཇུག་ཡིན་པར་ འཁྲུལ་བ་འབྱུང་སྲིད། དེས་ན་སྔོན་འཇུག་ཡིན་ཕྱིན་ཝ་འདོགས་མི་སྲིད་པས་ད་ཡིག་དེ་མིང་གཞིའི་ཡི་གེ་ ཡིན་ཞེས་པའི་དོན་དུ་གྱུར་ཡོད། ཡང་སྐབས་ལ་ལར་སྒྲ་གདངས་ཀྱི་དབང་གིས་ཝ་ཟུར་ཡོད་པའི་རིགས་ལ་ཚིག་གྲོགས་ཀྱི་ དབང་གིས་ཝ་ཟུར་གྱི་སྒྲ་མེད་པར་འགྱུར་བ་མང་སྟེ། དཔེར་ན། ཕྱུགས་ཀྱི་མིང་ལ་འཇུག་པ་གཡག་གྭ་གྭ་ལྟ་བུར་ཝ་ཟུར་འདོགས་པ་དང་གཡག་ག་བ་ཞེས་ བརྗོད་ཚེ་ཝ་ཟུར་མེད་དེ། བ་སྒྲ་དེ་དངོས་སུ་རང་གི་ཚིག་གྲོགས་སུ་བྱུང་བའི་རྒྱུ་མཚན་གྱིས་ཝ་ཟུར་མི་ འཐོབ་པ་ཡིན། དེ་བཞིན་བོད་ལྭ་དང་ལ་བ་གྲྭ་གྲོང་དང་གྲ་བ་སློབ་གྲྭ་དང་གྲལ་དུ་གནས་ལྟ་བུ་ སོགས་མང་དུ་ཡོད་པ་ཤེས་པར་བྱའོ། །ར་མགོ་དང་ལ་མགོ་ས་ཡི་མགོ་ཅན་རྣམས་ནི། ར་མགོ་ལྡན་པ་བཅུ་གསུམ་ཡོད་དེ་ཀ་ག་ང་ཇ་ཉ་ཏ་ད་ན་དང་ནི། བ་མ་ཙ་དང་ཛ་ལའོ། །དེ་དག་ལས་རྐ་ནི། ཆེད་དུ་བཟོས་པའི་ཆུ་འདྲེན་སའི་མིང་ལ། ཆུ་རྐ་དང་། རྐང་ལག་ལྟ་བུ། རྒ་ནི། ན་ཚོད་ཡོལ་བའི་དོན་ལ། རྒ་བ། ན་ཚོད་རྒས་ལྟ་བུ། རྔ་ནི། རྔ་བོ་ཆེ་དང་། རྔ་མ་ལྟ་བུ། རྗ་ནི། དབྱངས་ཡིག་དང་ལྡན་པ། རྗེ་བོ་དང་། རྗེ་ངར་ནི་མི་དང་ཕྱུགས་ཀྱི་རྐང་བའི་པུས་མོའི་མན་དང་སྲེ་ལོང་ཡན་གྱི་མིང་ཡིན། རྙ་ནི། རྙ་ངེ་རྙིང་ངེ་དང་རྙ་ལོ་སྟེ་རྩྭ་སྨན་ཞིག་དང་། རི་དྭགས་དང་བྱ་སོགས་འཛིན་བྱེད་ལ། རྙི་བཙུགས་ལྟ་བུ། རྟ་ནི། རྟ་མཆོག་དང་། དབྱངས་རྟ་སྙན་ལྟ་བུ། རྡ་ནི། ཐང་ཁྲོམ་ལ་རྡ་རྡུ་ར་དང་། ཐག་རྡང་དང་། རྡོ་རྗེ་ལྟ་བུ། རྣ་ནི། རྣ་བ་དང་། རྣ་རུ་འམ་ན་རོ་ལྟ་བུ། རྦ་ནི། ཆུ་བོའི་རྦ་རླབས་དང་། རྦབ་རྡོ་ལྟ་བུ། རྨ་ནི། རྨ་ཁ་དང་། རྨ་རྒྱལ་སྦོམ་ར་ལྟ་བུ། རྩ་ནི། ལུས་ཀྱི་རྩ་དང་། ཤིང་སྡོང་གི་རྩ་བ་ལྟ་བུ། རྫ་ནི། རྫ་རི་དང་། རྫ་མ་ལྟ་བུ། རླ་ནི། རླངས་འཁོར་དང་། རླངས་པ་ལྟ་བུའོ། །ལ་མགོ་ལྡན་པ་བཅུ་ནི་ཀ་ག་ང་ཅ་ཇ་ཏ་ད་པ་བ་ཧ་རྣམས་སོ། །དེ་དག་ལས། ལྐ་ནི། དབྱངས་དང་རྗེས་འཇུག་ཞུགས་པ། ལྐུག་པ་དང་། ལྐོག་གྱུར་ལྟ་བུ། ལྒ་ནི། བྲོ་སྨན་གྱི་མིང་ལ། ལྒ་སྐྱ་དང་ལྒང་ལི་ལྟ་བུ། ལྔ་ནི། གྲངས་ཀྱི་ལྔ་དང་རིག་པའི་གནས་ལྔ་ལ་ལྔ་རིག་ལྟ་བུ། ལྕ་ནི། བོད་སྨན་རྩ་བ་ལྔའི་ཡ་གྱལ་ལོ་གཉིས་སྐྱེས་པའི་རྩི་ཤིང་ཞིག་ལ། ལྕ་བ་དང་། ལྕི་ཡང་ལྟ་བུ། ལྗ་ནི། མཐའ་རྟེན་ཡོད་པ། ལྗང་གུ་དང་། ལྕེའི་ཞེ་ས་ལ་ལྗགས་ལྟ་བུ། ལྟ་ནི། མིག་གིས་ལྟ་བ་དང་། ལྟ་ན་སྡུག་པ་ལྟ་བུ། ལྡ་ནི། ཁང་པ་སོགས་རྒྱན་བྱེད་ཀྱི་དྲྭ་བའི་མིང་། གློག་ཕྲེང་གི་ལྡ་ལྡི་འཐེན་དང་། ལྡ་རེ་ལྡུར་རེ་ལྟ་བུ། ལྤ་ནི། མཐའ་རྟེན་ཡོད་པ་ལུག་ལྤགས་དང་། སྟག་ལྤགས་ལྟ་བུ། ལྦ་ནི། མིའི་སྐེ་རྒྱབ་ལ་བྱུང་བའི་ཤ་འབུར་ལ། ལྦ་བ་དང་། ལྟོ་བ་ལྦོས་ལྟ་བུ། ལྷ་ནི། ལྷ་ཡུལ་དང་ལྷ་ས་ལྟ་བུའོ། །ས་མགོ་ལྡན་པ་བཅུ་གཉིས་ཡོད་དེ་ཀ་ག་ང་ཉ་ཏ་ད་ན་པ་བ་མ་ཙ་ལའོ། །སྐ་ནི། སྐ་རགས་དང་། སྐད་སྙན་མོ་ལྟ་བུ། སྒ་ནི། རྟ་སོགས་ཀྱི་རྒྱབ་ལ་བསྟད་ནས་ཞོན་པའི་ཡོ་བྱད་ལ། རྟ་སྒ་དང་། མཐོ་སྒང་ལྟ་བུ། སྔ་ནི། སྔ་ཕྱི་དང་། སྔ་དྲོ་ལྟ་བུ། སྙ་ནི། ཡུལ་སྐད་དུ་སྐྱུ་རུ་ལེབ་མོ་ཟེར་བའི་སྔོ་སྨན་ལ། སྙ་ལོ་དང་། སྙན་ངག་ལྟ་བུ། སྟ་ནི། ཤིང་གཅོད་བྱེད་ཀྱི་ལག་ཆ་ལ། སྟ་རེ་དང་། གྲ་སྒྲིག་བྱེད་པ་ལ། སྟ་གོན་བྱེད་ལྟ་བུ། སྡ་ནི། མཐའ་རྟེན་ཡོད་པ། སྡང་དགྲ་དང་། སྡར་མ་ལྟ་བུ། སྣ་ནི། སྣ་ཚོགས་དང་། ཁ་སྣ་ལྟ་བུ། སྤ་ནི། དཔའ་ཞིམ་པར་བྱས་པ་ལ། སྤ་བཀོང་དང་། ཤིང་ཤུག་པའི་རིགས་ཀྱི་འབྲུ་ཤུག་ལ། སྤ་མ་ལྟ་བུ། སྦ་ནི། སྦ་གསང་བྱེད་པ་དང་། ཁ་ཟས་མི་གཙང་བས་སྦག་ལྟ་བུ། སྨ་ནི། སྨ་འབེབ་དང་། མིའི་ཁ་འགྲམ་གྱི་སྤུ་ལ། སྨ་ར་ལྟ་བུ། སྩ་ནི། མཐའ་རྟེན་ཡོད་པ། བཀའ་སྩལ་བར་བྱེད་པ་དང་། དངོས་གྲུབ་སྩོལད་ལྟ་བུ། སླ་ནི། དོན་སླ་བ་དང་། ཆེད་དུའམ་སླད་དུ་ལྟ་བུའོ། །བཞི་པ། སྔོན་འཇུག་བཤད་པ།ག་ད་བ་མ་འ་དང་ལྔ། །འཕུལ་ཡིག་ཡིན་ལ་གས་འཕུལ་ནི། །ཅ་ཉ་ཏ་ད་ན་ཙ་ཞ། །ཟ་ཡ་ཤ་ས་བཅུ་གཅིག་གོ །དས་འཕུལ་དྲུག་ནི་ཀ་ག་ང་། །པ་བ་དང་ནི་མ་ཡིན་ནོ། །བས་འཕུལ་བཅུ་ནི་ཀ་ག་ཅ། །ཏ་ད་ཙ་ཞ་ཟ་ཤ་སའོ། །མས་འཕུལ་ཁ་ག་ང་ཆ་ཇ། །ཉ་ཐ་ད་ན་ཚ་ཛའོ། །འས་འཕུལ་ཁ་ག་ཆ་ཇ་ཐ། །ད་ཕ་བ་ཚ་ཛ་དང་བཅུ། །ཞེས་པས་བསྟན་ལ། འཕུལ་ལམ་སྔོན་འཇུག་ནི་མིང་གཞི་གང་ཡང་རུང་བའི་སྔོན་དུ་འཇུག་པའམ་སྦྱར་ཆོག་པས་ ན་སྔོན་འཇུག་གི་ཡི་གེ་ཞེས་བརྗོད་པ་ཡིན་ལ། དེ་ནི་ག་ད་བ་མ་འ་དང་ལྔ་པོ་འདི་དག་ལ་འཕུལ་ཡིག་ཡིན་ཞེས་བརྗོད་པ་ཡིན་ལ་དེ་དག་ མིང་གཞིའི་ཡི་གེ་ཡོངས་རྫོགས་ཀྱི་སྔོན་ལ་མི་འཇུག་པར་བྱེ་བྲག་རང་རང་འཇུག་ཡུལ་ གྱི་རྨང་གཞིའི་ཡི་གེ་དག་གི་སྔོན་དུ་འཇུག་ལ། དཔེར་ན་ཐོག་མར་སྔོན་འཇུག་ལྔ་ལས་གས་འཕུལ་ཡིག་ནི་མིང་གཞིའི་ཡི་གེ་ཅ་ཉ་ཏ་ད་ན་ ཙ་ཞ་ཟ་ཡ་ཤ་ས་སྟེ་བཅུ་གཅིག་ཙམ་གྱི་སྔོན་དུ་འཇུག་གོ །དས་འཕུལ་ཡིག་གི་འཇུག་ཡུལ་ལ་དྲུག་ཡོད་པས་དེ་དག་ནི་ཀ་ག་ང་པ་བ་དང་ནི་མ་བཅས་ཡིན་ནོ། །wRJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     བས་འཕུལ་ཡིག་གི་འཇུག་ཡུལ་ལ་བཅུ་ཡོད་དེ། དེ་དག་ནི་ཀ་ག་ཅ་ཏ་ད་ཙ་ཞ་ཟ་ཤ་སའོ། །མས་འཕུལ་ཡིག་གི་འཇུག་ཡུལ་བཅུ་གཅིག་ཡོད་དེ། དེ་རྣམས་ནི་ཁ་ག་ང་ཆ་ཇ་ཉ་ད་ན་ཚ་ཛའོ། །འས་འཕུལ་ཡིག་གི་འཇུག་ཡུལ་ནི་ཁ་ག་ཆ་ཇ་ཐ་ད་ཕ་བ་ཚ་ཛ་དང་བཅུ་ཡོད་དོ། །སྔོན་འཇུག་ལྔ་འཇུག་ཚུལ་ནི། དཔེར་ན། གས་འཕུལ་ནི། གཅོག་བྱེད། གཉེན་པོ། གཏེར་མཛོད། ཆར་གདུགས། གནོན་པ། གཙུག་རྒྱན། གཞུང་ལུགས། གཟི་བརྗིད། གཡུལ་ངོ། གཤིས་ཀ  གསང་བ་ལྟ་བུ་དང་།དས་འཕུལ་ནི། དཔེར་ན། དཀར་ཡོལ། དགེ་ལེགས། དངུལ་ཆུ། དཔང་པོ། དབེན་རི། དམིགས་ཡུལ་ལྟ་བུ་དང་།བས་འཕུལ་ནི། དཔེར་ན། བཀོད་སྒྲིག བགོ་བྱ། བཅུ་ཕྲག བཏགས་པ། བདེ་སྐྱིད། བཙན་གནོན། བཞིན་པ། བཟང་ངན། བཤད་རྒྱུན། བསོད་རྣམས་ལྟ་བུ་དང་།མས་འཕུལ་ནི། དཔེར་ན། མཁའ་དབྱིངས། མགོན་པོ། མངོན་སུམ། མཆོག་ཁྱེད། ཞལ་མཇལ། མཉན་བྱ། མཐོང་བ། མདུད་པ། མནར་གཅོད། མཚན་ཉིད། མཛའ་བརྩེ་ལྟ་བུ།འས་འཕུལ་ཡིག་ནི། དཔེར་ན། འཁོར་ཡུག འགྱུར་བ། འཆི་མེད། འཇིག་རྟེན། འཐད་པ། འདི་ལྟར། འཕགས་པ། འབད་པ། འཚོ་བ། འཛད་མེད་ལྟ་བུའོ། །ལྔ་པ་རྗེས་འཇུག་བཤད་པ།རྗེས་འཇུག་བཅུ་ནི་ག་ང་ད། །ན་བ་མ་འ་ར་ལ་ས། །སྔོན་རྗེས་གཉིས་པོ་ལས་གཞན་པའི། །ཡི་གེ་རྣམས་ནི་མིང་གཞི་འོ། །ཞེས་པས་བསྟན་ལ། མིང་གཞི་གང་ཡང་རུང་བའི་རྗེས་སུ་འཇུག་པས་ན་རྗེས་འཇུག་ཅེས་བརྗོད་པ་ཡིན། རྗེས་སུ་འཇུག་པའི་ཡི་གེ་བཅུ་ནི་ག་ང་ད་ན་བ་མ་འ་ར་ལ་ས་རྣམས་སོ། །གསལ་བྱེད་སུམ་ཅུ་ལས་སྔོན་འཇུག་ལྔ་དང་རྗེས་འཇུག་བཅུ་སྟེ་དེ་གཉིས་པོ་ལས་གཞན་ པའི་མིང་གཞི་ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་སྟེ་ཡི་གེ་ཉི་ཤུ་པོ་ རྣམས་ནི་སྔོན་རྗེས་གང་དུའང་མི་འཇུག་པས་ན་མིང་གཞི་རྐྱང་བའོ་ཞེས་བརྗོད་པ་ཡིན་ ནོ། །རྗེས་འཇུག་རྣམས་མིང་གཞིའི་ཡི་གེ་གང་གི་རྗེས་སུ་འཇུག་ཚུལ་ནི། དཔེར་ན། རིག་གནས། བག་ཆགས། ཆུང་ཤོས། བཟང་ངན། ཆུད་ཟོས། འདོད་པ། སྒྲོན་མེ། ཡིན་མིན། སྒྲུབ་པ། གྲུབ་མཐའ། རྩོམ་པ། བུམ་པ། མཁའ་དབྱིངས། འགའ་ཞིག འཁོར་ལོ། མཐར་ཕྱིན། ངལ་བ། གཞལ་བྱ། འབྲས་སུ། ལས་དོན་ལྟ་བུའི་གསལ་བྱེད་དག་གི་རྗེས་སུ་འཇུག་པའོ། །ད་དང་ས་གཉིས་ནི་རྗེས་འཇུག་རང་གི་རྗེས་སུ་སླར་ཡང་འཇུག་པས་ན་ཡང་འཇུག་ཟེར། ད་ནི་རྗེས་འཇུག་ན་ར་ལ་གསུམ་དང་། ས་ནི་ག་ང་བ་མ་དག་གི་རྗེས་སུ་འཇུག་པ་ཡིན་ཏེ། དཔེར་ན། གྱུརད་ཅིག མཁྱེནད་པ། བཀའ་སྩལད་ལྟ་བུ་དང་། ལེགས་སོ། །ལག་པ་བརྐྱངས། གདམས་ངག་སློབ་སྦྱོང་བྱེད་སྐབས། དེ་དག་ཉམས་སུ་ལེན་ལྟ་བུའོ། །གཉིས་པ། རྣམ་དབྱེ་དང་ཚིག་ཕྲད་འདྲེན་ཚུལ་བཤད་པ་ལ།རྣམ་དབྱེ་དྲུག་པ་སོགས་བཤད་པ། རྫོགས་ཚིག་སོགས་བཤད་པ། རྣམ་དབྱེ་བདུན་པ་སོགས་བཤད་པ། ཚིག་ཕྲད་འདྲེན་ཚུལ་བཤད་པ་དང་བཞི་ལས།དང་པོ། རྣམ་དབྱེ་དྲུག་པ་སོགས་བཤད་པ་ནི།ད་ནི་སྔ་མའི་ཚིག་ཤུགས་ཀྱིས། །ཕྱི་མ་ཇི་ལྟར་འཐོབ་ཚུལ་བཤད། །ཐོག་མར་རྣམ་དབྱེ་དྲུག་པ་ཡི། །ཀྱི་གི་གྱི་འི་ཡི་རྣམས་ནི། །ད་བ་ས་དང་ད་དྲག་དག །ཐོབ་མཐར་ཀྱི་དང་ག་ང་གི །ན་མ་ར་ལ་བཞི་བོ་གྱི། །མཐའ་རྟེན་མེད་མཐར་འི་འཐོབ་ཅིང་། །རྐང་བ་སྐོང་ཚེ་ཡི་ཞེས་འཐོབ། །འོ་འུ་འམ་གྱི་ཚེག་ཁྱིམ་ཡང་། །ཁ་སྐོང་ཁ་སྐོང་མིན་པས་དབྱེ། །ཞེས་པས་བསྟན་ལ། ད་ནི་སྔ་མའི་མིང་ཚིག་གང་གི་རྗེས་སུ་འཇུག་པའི་རྗེས་འཇུག་སོགས་ཀྱི་སྒྲ་དྲག་ ཞན་གྱི་ཤུགས་ཀྱིས་སམ་ནུས་པས་ཚེག་བར་ཕྱི་མའི་ཡི་གེ་རྣམ་དབྱེ་དང་ཚིག་ཕྲད་ སོགས་ཇི་ལྟར་འཐོབ་པའམ་མིང་མཐའ་འདྲེན་པའི་ཚུལ་ཅུང་ཟད་བཤད་པ་ནི། དེ་ལ་ཐོག་མར་ཆོས་གང་གི་ཁྱད་གཞི་དང་ཁྱད་ཆོས་སོགས་འབྲེལ་བར་སྟོན་པའི་རྣམ་ དབྱེ་དྲུག་པ་ཡི་ཕྲད་ཀྱི་གི་གྱི་འི་ཡི་རྣམས་ནི་མིང་ཚིག་གང་གི་མཐར་སྒྲའི་ སྦྱོར་ཚུལ་ཇི་ལྟར་བྱེད་ཅེ་ན། དེ་ནི་རྟགས་འཇུག་གི་སྐབས་སུ་གསུངས་པ་ལྟར་ཕོ་མོ་མ་ནིང་གི་རྟགས་མཚུངས་བའི་ སྒོ་ནས་མིང་མཐའ་འདྲེན་པ་དང་། ཡང་ན་སྒྲ་མཚུངས་པའམ་བརྗོད་བདེ་བ་གང་རུང་གི་སྒོ་ནས་འདྲེན་པ་ཡིན། དེས་ན་མིང་ཚིག་གང་རུང་གི་མཐའི་རྗེས་འཇུག་གི་ཡི་གེ་དེ་ད་བ་ས་གསུམ་དང་ད་ཡང་ འཇུག་སྟེ་ད་དྲག་དག་འཐོབ་པའི་མཐར་རྣམ་དབྱེ་དྲུག་པའི་ཕྲད་ཀྱི་སྦྱོར་བ་དང་ག་ང་ གཉིས་ཀྱི་རྗེས་སུ་གི་དང་། ན་མ་ར་ལ་བཞི་བོའི་རྗེས་སུ་གྱི་འཐོབ་པ་ཡིན། དེ་དག་ལས་ད་བ་ས་དང་ད་དྲག་མཐར་ཀྱི་སྦྱོར་བ་ནི་རྟགས་མཚུངས་འདྲེན་པ་ཡིན་ཏེ། རྗེས་འཇུག་གི་ད་བ་ས་གསུམ་ཕོའི་ཡི་གེ་དང་། མིང་གཞིའི་ཀ་ཕོ་ཡིག་ཡིན་པས་གཉིས་ཀའི་རྟགས་ཕོ་ཡིག་ཡིན་པ་ལ་མཚུངས་པས་སོ། །ག་དང་ང་གཉིས་ཀྱི་རྗེས་སུ་གི་སྦྱོར་བ་ནི། གའི་རྗེས་སུ་གི་འཐོབ་པ་བརྗོད་བདེ་འདྲེན་པ་དང་། ངའི་རྗེས་སུ་གི་འཐོབ་པ་རྟགས་མཚུངས་འདྲེན་པ་ཡིན། དེ་བཞིན་ན་ར་ལ་གསུམ་གྱི་རྗེས་སུ་གྱི་འཐོབ་པ་བརྗོད་བདེ་དང་། མ་མཐར་གྱི་འཐོབ་པ་རྟགས་མཚུངས་ཡིན་ནོ། །རྣམ་དབྱེ་དྲུག་པ་ནི་དཔེར་ན། བུམ་པའི་མཆུ། གསེར་གྱི་ཁ་དོག་ཤར་ཕྱོགས་ཀྱི་ས་གཞི། བདག་གི་སྡོད་ཁང་། ཕྱི་རོལ་ཀྱི་མི། མཐའ་མེད་ནམ་མཁའ་ཡི་དབྱིངས་ན། །ལྟ་བུའོ། །མཐའ་རྟེན་མེད་པའམ་རྗེས་འཇུག་མེད་པ་དང་རྗེས་འཇུག་འ་ཡིག་གི་མཐར་འབྲེལ་སྒྲའི་ ཕྲད་འི་འཐོབ་ཅིང་། དཔེར་ན། ནམ་མཁའི་ཉི་མ། ཀ་བའི་ཟུར། བུམ་པའི་ལྟོ་བ་ལྟ་བུའོ། །ཚིག་གི་རྐང་བ་ཁ་སྐོང་དགོས་ཚེ་ཕྲད་ཡི་ཞེས་པ་འདི་ཉིད་འཐོབ། དཔེར་ན། འཇིག་རྟེན་སྲིད་པ་ཡི་མཛེས་རྒྱན། །ལྟ་བུའི་ཚིགས་བཅད་ལ་རྐང་བ་ཁ་སྐོང་དགོས་པས་ཡི་འཐོབ་པ་དང་། འཇིག་རྟེན་སྲིད་པའི་མཛེས་རྒྱན་དུ་བཞུགས་ནས། ལྟ་བུའི་ཚིག་ལྷུག་ལ་འབྲེལ་སྒྲའི་ཕྲད་འི་འཐོབ་པ་ཡིན། གཞན་ཡང་འོ་དང་འུ་འམ་སོགས་ཀྱི་ཕྲད་སྦྱོར་ཚེ་ཚེག་ཁྱིམ་དགོས་པ་དང་མི་དགོས་པའི་ ཁྱད་པར་ཡང་ཚིག་གི་ཁ་སྐོང་དགོས་ཚེ་ཚེག་ཁྱིམ་ཡོད་པ། དཔེར་ན། བདག་ཉིད་སྤྲོ་འོ་ཁྱེད་ཇི་ལྟར། །འདི་ཉིད་ལེའུ་དང་པོ་འོ། །ལྟ་བུའི་ཚིགས་བཅད་དག་ལ་ཚེག་ཁྱིམ་དགོས་པ་དང་། དཔེར་ན། ཡོན་ཏན་ཀུན་གྱི་ནང་ནས་སྒྲ་རིག་པ་སློབ་པར་བདག་ཤིན་ཏུ་སྤྲོའོ་ལྟ་བུའི་ཚིག་ ལྷུག་དག་ལ་ཚེག་ཁྱིམ་མི་དགོས་པ་ཡིན། ཡང་དཔེར་ན། གོང་གི་ལེའུ་གཉིས་པའི་ནང་དོན་འདི་ལྟར་བཤད་པའོ་ལྟ་བུ། ཁྱེད་ཉིད་སྐུ་ཁམས་བདེ་འམ་ཅི། །ཁྱེད་ཉིད་སྔར་ལས་ཀྱང་སྐུ་ཁམས་བདེ་བའམ་མི་བདེ་ལྟ་བུའི་ཁ་སྐོང་མིན་པས་སམ་མི་ དགོས་ཚེ་ཚེག་ཁྱིམ་མེད་པ་ལྟ་བུའི་ཁྱད་པར་གྱིས་ཚེག་ཁྱིམ་དགོས་མིན་གྱི་དབྱེ་བ་ འབྱེད་པ་ཡིན་ནོ། །གཉིས་པ། རྫོགས་ཚིགས་སོགས་བཤད་པ།དེ་ཡང་དགའ་འོ་བདེ་འོ་སོགས། །རྫོགས་ཚིག་ལ་ནི་འོ་ཉིད་དེ། །མཛེས་དགའ་བོ་དང་ཀུན་དགའ་བོ། །མཛའ་བོ་དཔའ་བོ་ངོ་བོ་དང་། །སྤྱི་བོ་ལ་སོགས་མིང་གི་ཆ། །ཝ་ཕྱེད་ཉིད་དུ་འབྲི་ཞིང་བཀླག །ཀུག་བསྐྱེད་ཅན་དང་བརྩེགས་པ་དང་། །མཐའ་རྟེན་ཅན་མཐར་འ་མཐའ་སྤང་། །ཞེས་པས་བསྟན་ལ། དེ་ཡང་རྫོགས་ཚིག་ཅེས་པ་རང་གི་ཚིག་གྲོགས་དེ་མི་འབྱུང་བར་བྱས་པས་ན་སླར་ བསྡུའམ་རྫོགས་ཚིག་ཡིན་ལ། དཔེར་ན། བདག་ཉིད་དགའ་འོ་དང་ཁྱོད་ཉིད་བདེ་འོ་སོགས་རྫོགས་ཚིག་ལ་ནི་དགའོ་བདེའོ་ལྟ་ བུའི་འ་མཐར་འོ་ཉིད་དེ་འོ་སྦྱར་བར་བྱ་དགོས། དེ་དག་དཔེར་ན། བྱ་བ་དེ་ལ་བདག་དགའོ། །བུམ་པའི་དབྱིབས་དེ་བདེའོ། །ཤར་ཕྱོགས་ན་འོད་སྣང་ངོ་ལྟ་བུ། དེ་མིན་དཔེར་ན་མཛེས་དགའ་བོ་དང་ཀུན་དགའ་བོ་ལྟ་བུ་དང་། ཀུན་དགའ་བོ་དང་བཟང་པོ་ལྟ་བུ། མཛའ་བོ་དང་དཔའ་བོ་ངོ་བོ་ཁོ་བོ་དང་གཞན་ཡང་སྤྱི་བོ་དཔའ་བོ་བཟང་པོ་ལ་སོགས་པ་ མང་པོ་ཞིག་ནི་མིང་གི་ཆ་ཤས་ལས་རྫོགས་ཚིག་མིན་ཏེ་རྫོགས་ཚིག་ཡིན་ན་རྗེས་འཇུག་ རང་འདྲའི་མཐར་སྦྱར་དགོས་ངེས་ཤིག་ཡིན་ནོ། །དེ་དག་ལ་ཝ་ཕྱེད་དམ་བ་ཉིད་དུ་འབྲི་ཞིང་བཀླག་པར་བྱ། ཀུག་བསྐྱེད་དམ་གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་སྟེ་དབྱངས་བཞི་གང་རུང་ཅན་དང་། བརྩེགས་པ་སྟེ་ར་ལ་སའི་མགོ་ཅན་དང་ཡ་ར་ལ་ཝའི་འདོགས་ཅན་རྣམས་དང་། མཐའ་རྟེན་ཅན་ཏེ་རྗེས་འཇུག་གཞན་དགུའི་མཐར་འ་མཐའ་སྤང་བར་བྱ་དགོས་སོ། །དཔེར་ན། གི གུ། ཀྱེ། སྒོ། ཤྭ  འཁོར་ལྟ་བུའི་རིགས་ལ་འ་མཐའ་འདོར་དགོས། ཡང་དཔེར་ན། དགའ། མཁའ། དམའ། གནའ། གདའ་ལྟ་བུའི་རིགས་ལ་འ་མཐའ་འཇོག་དགོས་པ་ཡིན་ཏེ་དེ་དག་ལ་འ་མཐའ་མེད་ཚེ་དག དམ། གན། གད། ལྟ་བུར་རྗེས་འཇུག་མེད་པ་ལྟར་འཁྲུལ་བ་འབྱུང་བའི་དེ་དག་ལྟ་བུ་ལ་འ་མཐའ་འཇོག་ དགོས་པ་ཡིན་ནོ། །གསུམ་པ། རྣམ་དབྱེ་བདུན་པ་སོགས་བཤད་པ།རྣམ་དབྱེ་བདུན་པ་ལ་དོན་གྱི། །ཏུ་དུ་སུ་རུའི་ཞབས་ཀྱུ་ནི། །ག་བ་ད་དྲག་ཅན་མཐར་ཏུ། །ང་ད་ན་མ་ར་ལ་དུ། །ས་སུ་མཐའ་རྟེན་མེད་པ་དང་། །འ་མཐར་རུ་ཞེས་བརྗོད་པ་ཡིན། །ཞེས་པས་བསྟན་ལ། རྣམ་དབྱེ་བདུན་པ་ནི་གཞི་གང་ཞིག་ལ་ཆོས་གང་ཞིག་བརྟེན་པའམ་ཡོད་པ་ཙམ་སྟོན་པ་ ཞིག་ལ་ཟེར། རྣམ་དབྱེ་གཉིས་བཞི་བདུན་པ་དེ་ཉིད་ཚེ་སྐབས་སོགས་ཀྱི་ལ་དོན་གྱི་ཕྲད་ཏུ་དུ་སུ་ ར་དང་རུའི་ཞབས་ཀྱུ་ཡོད་པ་ཅན་རྣམས་སྦྱོར་ཚུལ་ནི་གཅིག་པ་ཡིན་པས་ག་བ་དང་ད་དྲག་ ཅན་གྱི་མཐར་ལ་དོན་གྱི་ཕྲད་ཏུ་སྦྱོར་བ་དང་། ང་ད་ན་མ་ར་ལ་དག་གི་རྗེས་སུ་ཕྲད་དུ་ཡིག་སྦྱོར། སའི་རྗེས་སུ་ལ་དོན་སུ་དང་མཐའ་རྟེན་མེད་པའམ་རྗེས་འཇུག་མེད་པ་དང་འ་རྗེས་འཇུག་ ཅན་གྱི་མཐར་རུ་སྦྱོར་ཞེས་བརྗོད་པ་ཡིན། ལ་དོན་སུ་ར་རུ་དུ་ན་ལ་ཏུ་སྟེ་བདུན་ཡོད་པ་ལས་ན་དང་ལ་གཉིས་རྗེས་འཇུག་ལ་མི་ ལྟོས་པར་རང་དབང་དུ་སྦྱོར་ཆོག དེ་དག་ལས་རྣམ་དབྱེ་བདུན་པར་འཇུག་ཚུལ་དཔེར་ན། མདུན་དུ་གཙང་བོ་ཡོད། ལྗོན་ཤིང་རྩེ་རུ་ཁུ་བྱུག་གནས། ནགས་ཚལ་ན་རི་དྭགས་གནས། རྒྱ་མཚོ་ལ་ཉ་གནས། རྒྱབ་རི་ལ་ཁ་བ་ཆགས། ལྷོ་ཕྱོགས་སུ་ནགས་ཚལ་མཛེས། ཕ་རོལད་ཏུ་མི་ཚོགས་མང་། ཕ་ཡུལ་དུ་འབྱོར་ཕྱུག་ལྡན། ལྷ་ལྡན་ན་ཇོ་བོ་བཞུགས། ནམ་མཁར་སྤྲིན་གནས། བྱང་ཆུབ་སེམས་དཔའ་རུ་བཞུགས། བར་སྐོར་དུ་ཚོང་རྫས་མང་ལྟ་བུ་མང་དུ་ཡོད་པ་བཞིན་རྣམ་དབྱེ་གཉིས་བཞི་སོགས་ལའང་ རིགས་འགྲེས་སྦྱར་ཏེ་ཤེས་པར་བྱའོ། །བཞི་པ། ཚིག་ཕྲད་འདྲེན་ཚུལ་བཤད་པ་ལ།ཚིག་ཕྲད་ཅིང་སོགས་བཤད་པ། ལྷག་བཅས་སོགས་བཤད་པ། མིང་མཐའི་པ་བ་སོགས་བཤད་པ། ཚེག་དང་ཤད་བཤད་པ་སྟེ་བཞི་ལས།དང་པོ། ཚིག་ཕྲད་ཅིང་སོགས་བཤད་པ་ནི།ཚིག་ཕྲད་ག་བ་ད་རྗེས་སུ། །ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ང་འ་ན་མ་ར་ལ་དང་། །མཐའ་རྟེན་མེད་པའི་རྗེས་དག་ཏུ། །ཞིང་ཞེས་ཞེ་འོ་ཞེ་ན་ཞིག །ས་མཐར་ཤིང་ཤེས་ཤེ་ན་ཤིག །ད་དྲག་ཐོབ་ངེས་ན་ར་ལའི། །རྗེས་སུ་ཅིང་སོགས་ལྔ་པོ་སྦྱོར། །ཞེས་པས་བསྟན་ལ། ཚིག་ཕྲད་དག་ནི་མིང་ཚིག་གང་ཡང་རུང་བའི་བར་མཚམས་སུ་སྦྱར་ན་ཚིག་སྔ་ཕྱི་ཕྲད་པར་ བྱེད་པའི་ནུས་པ་བཏོན་ཏེ་དོན་གསལ་བར་སྟོན་པ་ཞིག་ལ་ཚིག་ཕྲད་ཅེས་བརྗོད་པ་ཡིན། དེ་ལས་ཚིག་ཕྲད་ཅིང་སོགས་ནི། ག་བ་ད་རྗེས་འཇུག་ཅན་རྣམས་ཀྱི་རྗེས་སུ་ཅིང་ཅེས་ཅེ་འོ་ཅེ་ན་ཅིག་རྣམས་འཐོབ་པ་ ཡིན། དཔེར་ན། དྲག་ཅིང་རྩུབ། སྒྲུབ་ཅེའོ། བཤད་ཅེ་ན། མཆོད་ཅིང་བསྟོད་ཅེས་བཤད་ནའང་ལྟ་བུའོ། །རྗེས་འཇུག་ང་འ་ན་མ་ར་ལ་དང་། མཐའ་རྟེན་མེད་པའི་རྗེས་དག་ཏུ་ཚིག་ཕྲད་ཞིང་ཞེས་ཞེའོ་ཞེ་ན་ཞིག་རྣམས་འཐོབ་པ་ ནི། དཔེར་ན། སྙན་ཞིང་འཇེབས་པ། དཔང་མཐོ་ཞེས་བཤད། རྒྱུན་དུ་བསྟེན་ཞེའོ། གསལ་ཞིང་འོད་འཚེར། སྟེར་ཞེ་ན། འདི་དགེ་རྒན་ཞིག་ཡིན་ལྟ་བུའོ། །རྗེས་འཇུག་ས་མཐར་ཤིང་དང་ཤེས་ཤེ་ན་ཤིག་རྣམས་འཐོབ་པ་ཡིན་ཡང་དམིགས་བསལ་དུ་ས་ མཐར་ཤེས་སྦྱར་ཚེ་ཤེས་པའམ་རྟོགས་པའི་དོན་དང་ནོར་ས་ཡོད་པ་དག་ལ་ཞེས་ཐོབ་པ་ཡིན། དཔེར་ན། འདི་འདྲའི་ཚིག་མཐུན་ལ་འཁྲུལ་ནས། །ཤེས་པ་ལྟར་ཞེས་སྦྱར་བ་མི་བདེ་བས། དེ་འདྲའི་རིགས་ལ་ཞེས་སྦྱར་དགོས། མ་ནི་ཤེས་རབ་ཕ་ནི་ཐབས། །ཞེས་པ་ལྟར་ལྟ་བུ། ཡང་ད་དྲག་ཐོབ་པར་ངེས་པའི་ན་ར་ལའི་རྗེས་འཇུག་ཅན་དག་གི་རྗེས་སུ་གོང་གི་ཅིང་ སོགས་ལྔ་པོ་སྦྱོར་དགོས། དཔེར་ན། བདེ་བར་བྱོནད་ཅིག ཇི་དགར་རོལད་ཅེ་ན། མཁྱེནད་ཅིང་གཟིགས་པ་ཆེན་པོ། ཁོ་ལ་འབྱོརད་ཅེས་བཤད་ནའང་ལྟ་བུ་མང་དུ་ཡོད་དོ། །wRJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

     གཉིས་པ། ལྷག་བཅས་སོགས་བཤད་པ་ནི།ན་ར་ལ་ས་ད་དྲག་གི །རྗེས་སུ་ཏེ་རྐྱང་ད་མཐར་དེ། །ག་ང་བ་མ་འ་དང་ནི། །མཐའ་རྟེན་མེད་རྗེས་སྟེ་ཞེས་འཐོབ། །ག་ད་བ་ས་ཉིད་དང་ནི། །ད་དྲག་ཐོབ་པའི་རྗེས་སུ་ཀྱང་། །ང་འ་ན་མ་ར་ལ་ཡང་། །མཐའ་རྟེན་མེད་མཐར་འང་དང་ནི། །རྐང་བ་སྐོང་ཚེ་ཡང་ཞེས་བྱ། །དྲི་དང་རྫོགས་ཚིག་སྐབས་སུ་ནི། །མཐའ་རྟེན་མེད་མཐར་འམ་དང་འོ། །མཐའ་རྟེན་ཅན་རྣམས་རང་རང་དང་། །ད་དྲག་ཅན་མཐར་ད་ཡིག་ལ། །རིམ་བཞིན་མ་དང་ན་རོ་གཉིས། །མཁས་པས་ཡང་དག་སྦྱར་བར་བྱ། །ཞེས་པས་བསྟན་ལ། ལྷག་བཅས་ནི་མིང་ཚིག་གང་རུང་གི་མཐར་སྦྱར་ཚེ་བརྗོད་པ་སྔ་མས་མིང་ཚིག་གཞན་ཞིག་ འདྲེན་རྒྱུ་ཡོད་པར་སྟོན་པ་ཞིག་ལ་ལྷག་བཅས་ཟེར། དེ་དག་ནི་རྗེས་འཇུག་ན་ར་ལ་ས་དང་ད་དྲག་ཡོད་པ་དག་གི་རྗེས་སུ་ཏེ་རྐྱང་ངམ་ས་ མགོ་མེད་པའི་ཏེ་རྐྱང་ཐོབ་པའི་དོན་ཡིན་ཏེ། དཔེར་ན། ཞུ་བ་བྱས་ཏེ་ཐག་གཅོད། མཐར་སྦྱར་ཏེ། དེ་མིན་ཏེ། འོད་གསལ་ཏེ་ལྟ་བུ། རྗེས་འཇུག་ད་མཐར་དེ་དང་ག་ང་བ་མ་འ་དང་ནི་གཞན་མཐའ་རྟེན་མེད་པ་དག་གི་རྗེས་སུ་ སྟེ་ཞེས་པ་འདི་ཉིད་འཐོབ། དཔེར་ན། གཏམ་བཤད་དེ། ཡོད་དེ་ལྟ་བུ། གང་རུང་ཞིག་སྟེ། ཁ་བཀང་སྟེ། ས་བོན་བཏབ་སྟེ། ཚོད་བགམ་སྟེ། ཡིད་དགའ་སྟེ། གང་དུའང་མི་འགྲོ་སྟེ་ལྟ་བུ། རྗེས་འཇུག་ག་ད་བ་ས་ཉིད་དང་ནི་ད་དྲག་ཐོབ་པའི་རྗེས་སུ་ཀྱང་འཐོབ་པ་ཡིན། དཔེར་ན། སྤྱིར་དེ་ལྟར་འཇུག་ཀྱང་། བསྟོད་ཀྱང་ཆོག རྩུབ་ཀྱང་། གསུངས་ཀྱང་། བཀའ་བསྩལད་ཀྱང་ལྟ་བུའོ། །རྗེས་འཇུག་ང་འ་ན་མ་ར་ལ་དག་གི་རྗེས་སུ་ཡང་འཐོབ་པ། དཔེར་ན། གང་ཡང་མེད། མདའ་ཡང་འཕངས། བསམ་ཡང་སྲིད། མེ་ཏོག་གཏོར་ཡང་། གསལ་ཡང་ལྟ་བུ། མཐའ་རྟེན་མེད་པ་དག་གི་མཐར་འང་སྦྱར་པ་དང་ནི་ཚིག་གི་རྐང་བ་ཁ་སྐོང་དགོས་ཚེ་ཡང་ ཞེས་བྱ་བ་འདི་ཉིད་སྦྱར་དགོས། དཔེར་ན། ལྷའང་ཡིན། འགྲོ་བའང་ཡིན་ལྟ་བུ། དེ་ཚེ་མཁས་པ་ཁྱེད་ལ་ཡང་། །ལྟ་བུའོ། །རྗེས་འཇུག་བཅུ་པོ་ལ་མ་ཡིག་སྦྱར་བ་ནི་གཏམ་སོགས་དྲི་བ་ལ་འཇུག་པ་དང་། རྗེས་འཇུག་རང་འདྲའི་མཐར་རང་རང་ལ་རྣ་རུ་རེ་སྦྱར་བ་ནི་རྫོགས་ཚིག་སྟོན་བྱེད་ དུ་འགྲོ་བ་དེ་དག་གི་སྐབས་སུ་ནི་མཐའ་རྟེན་མེད་པ་དག་གི་མཐར་དྲི་ཚིག་འམ་སོགས་ དང་རྫོགས་ཚིག་སོགས་ལ་འོ་འཐོབ་པ་ཡིན་ལ། དཔེར་ན། ཁྱེད་བདེའམ་ལྟ་བུ་དྲི་བ་དང་། ང་བདེའོ་ལྟ་བུ་རྫོགས་ཚིག་གོ ། འདི་ལྷའམ་ཀླུ། ལྷའོ་ལྟ་བུ་དང་། མཐའ་རྟེན་ཅན་རྣམས་ལ་རྗེས་འཇུག་རང་རང་དང་མཐུན་པར་སྦྱོར་དགོས། དཔེར་ན། འདི་ནི་གནས་མཆོག་གོ ། ལེགས་པར་མཐོང་ངོ་། །ཡིད་ལ་བྱས་སོ། །དེ་རུ་ཡོད་དོ། །ཡོན་ཏན་ཅན་ནོ་ལྟ་བུ། ད་དྲག་ཅན་གྱི་མཐར་ད་ཡིག་ལ་རིམ་པ་བཞིན་དུ་མཁྱེན་ཏམ་ལྟ་བུའི་མ་དང་། མཁྱེན་ནོ་ལྟ་བུའི་ན་རོ་གཉིས་མཁས་པས་ཡང་དག་པར་སྦྱར་བར་བྱ་སྟེ། དཔེར་ན། བསྒྱུར་རམ་བསྒྱུརད་ཏོ། །བྱོནད་ཏམ་བྱོནད་ཏོ། །རོལད་ཏམ་རོལད་ཏོ་ལྟ་བུའོ། །གསུམ་པ་། མིང་མཐའི་པ་བ་སོགས་བཤད་པ་ནི།མིང་མཐའི་པ་བའི་ཁྱད་པར་ནི། །ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་ནི། །ང་འ་ར་ལ་མཐའ་མེད་མཐའི། །ཝ་ཕྱེད་བར་འབོད་རྣམས་ལ་བ། །གཞན་ལ་པ་ཉིད་སྦྱར་ཏེ་བཀླག །ཅེས་པས་བསྟན་ལ། མིང་མཐའི་པ་དང་བའི་ཁྱད་པར་ནི་རྗེས་འཇུག་ག་ད་ན་བ་མ་ས་དང་ད་དྲག་ཅན་གྱི་མཐར་པ་ དང་ནི་རྗེས་འཇུག་ང་འ་ར་ལ་དང་མཐའ་མེད་མཐའི་རྗེས་སུ་དག་ཡིག་ངག་སྒྲོན་འགྲེལ་བ་ ལས་གསུངས་པ་ལྟར་ཝ་ཕྱེད་ལ་བར་འབོད་པ་ཞེས་བོད་ཡིག་གི་གཟུགས་ཀྱི་སྟེང་ནས་ཝ་ ཡིག་ཕྱེད་ཀ་ལ་བ་ཞེས་འབོད་པ་རྣམས་ལ་ཝ་ཕྱེད་ནི་བ་ཉིད་ཡིན་པས་དེ་སྦྱར་བར་བྱ་ སྟེ། དེ་དག་དཔེར་ན། ཟག་པ་མེད་པ། ཡིན་པ། ཐོབ་པ། བསམ་པ། ཕུན་སུམ་ཚོགས་པ། མནནད་པ། ཕྱིནད་པ་ལྟ་བུ། གང་བ། དགའ་བ། ནོར་བ། རྒྱལ་བ། བདེ་བ། མཐོ་བ་ལྟ་བུའོ། །གཞན་ཡང་མིང་མཐའི་པ་བ་དང་བདག་སྒྲའི་པ་པོའི་སྦྱོར་ཚུལ་མི་འདྲ་ལ་བདག་སྒྲའི་པ་ པོ་ནི་རྗེས་འཇུག་ལ་ལྟོས་མི་དགོས་པར་ཕྲད་རང་དབང་དུ་སྦྱོར་ཆོག་པས་བདག་སྒྲའི་ ཕྲད་ཐོབ་པའི་ཚེ་ལ་པ་དང་པོ་ཉིད་གང་རུང་སྦྱར་ཏེ་བཀླག་དགོས། དཔེར་ན། མཁས་པ། ཤར་པ། ལྷོ་པ། རྟ་པ། ཡོན་ཏན་པ། རྣལ་འབྱོར་པ། ཡི་གེ་པ། མཁན་པོ། ལེན་པ་པོ། སྦྱང་བ་པོ། འགྲོ་བ་པོ་ལྟ་བུའོ། །wRJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

    བཞི་བ། ཚེག་དང་ཤད་བཤད་པ་ནི།གཅོད་མཚམས་མཐའ་རྟེན་ག་ཡིག་མཐར། །གཅིག་ཤད་ང་ཡིག་མ་གཏོགས་པའི། །ཤད་གོང་རྣམས་སུ་ཕྱི་ཚེག་སྤང་། །ཚིགས་སུ་བཅད་པའི་རྐང་མཐའ་དང་། །ལྷུག་པའི་སྡེ་མཚན་རྫོགས་མཚམས་ཀྱི། །ན་རོ་ཅན་མཐར་གཉིས་ཤད་བྱ། །སྡེ་མཚན་ཆེན་པོ་རྫོགས་མཚམས་དང་། །ལེའུ་མཚམས་ལྟ་བུར་བཞི་ཤད་འཐོབ། །ཚེག་ཤད་དང་ནི་རྐྱང་ཤད་གཉིས། །འཐོབ་ཚུལ་རང་རང་སྐབས་དང་སྦྱོར། །ཞེས་པས་བསྟན་ཏེ། ཚིག་ལྷུག་སོགས་ཀྱི་ཚིག་གི་གཅོད་མཚམས་རྣམས་དང་། ཚིགས་བཅད་ཀྱི་སྐབས་མཐའ་རྟེན་ག་ཡིག་སོགས་ཕྱི་རྐང་རིང་བའི་ཡི་གེ་དག་མཇུག་ཏུ་ བྱུང་ཚེ་དེའི་མཐར་གཅིག་ཤད་དེ་ཤད་གཅིག་འཐོབ་པ་དང་ཚིག་ལྷུག་སོགས་ལ་ཤད་མི་ དགོས་པ་ཡིན། ང་ཡིག་རྗེས་སུ་བྱུང་ཚེ་ཤད་ཀྱི་གོང་དུ་ཚེག་དགོས་པ་མ་གཏོགས་པའི་གཞན་ཚིག་བཅད་ ལྷུག་གང་ཡིན་ནའང་ཤད་ཀྱི་གོང་རྣམས་སུ་ཕྱི་ཚེག་སྟེ་ཚེག་འཇོག་པ་སྤང་བར་བྱ་ དགོས་པའི་དོན་ནོ། །ཚིགས་སུ་བཅད་པའི་རྐང་མཐའ་འམ་ཚིགས་བཅད་ཀྱི་མཇུག་དང་། ཚིག་ལྷུག་པའི་སྡེ་ཚན་ནམ་ཚིག་ལྷུག་དག་གི་མཇུག་དང་། གོ་སོགས་ཡི་གེ་བཅུ་གཅིག་པོ་གང་རུང་གི་ཚིག་རྫོགས་མཚམས་ཀྱི་ན་རོ་ཅན་དག་བྱུང་ བའི་རྫོགས་ཚིག་མཐར་གཉིས་ཤད་བྱ་བའམ་ཤད་གཉིས་དགོས། དེ་མིན་སྡེ་ཚན་ཆེན་པོ་སྟེ་གཞུང་ལུགས་སོགས་རྫོགས་པའི་མཚམས་ལྟ་བུ་དང་། ལེའུ་མཚམས་ཏེ་ལེའུ་དང་རབ་བྱེད་དོན་ཚན་ཆེ་ཁག་དག་རྫོགས་པ་ལྟ་བུར་བཞི་ཤད་དང་ སྦྲུལ་ཤད་སོགས་འཐོབ་པ་ཡིན།ཚེག་ཤད་དམ་རིན་ཆེན་སྤུང་ཤད་ནི་ཐིག་ཕྲེང་ཞིག་གི་ མགོར་ཚེག་བར་གཅིག་ཅན་གྱི་ཡི་གེར་དེ་མ་ཐག་ཏུ་ཉེ་སར་ཚིག་གྲོགས་མེད་པའི་ཡི་གེ་ བྱུང་ཚེ་དེ་ཉིད་ཀྱི་མཐར་རིན་ཆེན་སྤུང་ཤད་འཐོབ་པ་ནི་ཡི་གེ་དེ་ཉིད་མངོན་པའམ་ གསལ་བའི་ཕྱིར་དུ་རིན་ཆེན་སྤུང་ཤད་དང་ནི་རྐྱང་ཤད་དམ་གཅིག་ཤད་ནི་ཚིག་ལྷུག་གི་ མཚམས་དང་མིང་ཚིག་གི་གྲངས་འདྲེན་པའི་སྐབས་སོགས་སུ་འཐོབ་པས་འདི་གཉིས་ཀྱི་ འཐོབ་ཚུལ་གཙོ་བོ་རང་རང་གི་ལག་ལེན་གྱི་སྐབས་དང་བསྟུན་ནས་རྐྱང་ཤད་དང་ཉིས་ཤད་ སོགས་སྦྱོར་ཚུལ་ལེགས་པར་ཤེས་དགོས་པ་ཡིན་ནོ། །གསུམ་པ། ཚིག་དང་དོན་གྱི་འཁྲུལ་སྤོང་བཤད་པ་ལ།འཕུལ་རྟེན་སོགས་ཀྱི་དབང་གིས་ཚིག་གི་ འཁྲུལ་སྤོང་བཤད་པ། ཡང་འཇུག་སོགས་ཀྱི་དབང་གིས་དོན་གྱི་འཁྲུལ་སྤོང་བཤད་པ། མགོ་ཅན་སོགས་ཀྱི་དབང་གིས་ཚིག་གི་སྒྲ་ཙམ་མཐུན་ཡང་དོན་གྱི་ཁྱད་པར་ཆེ་ཚུལ་བཤད་ པ། རྣམ་དབྱེ་སོ་སོའི་ཁྱད་པར་བཤད་པ་དང་བཞི་ལས།དང་པོ། འཕུལ་རྟེན་སོགས་ཀྱི་དབང་གིས་ཚིག་གི་འཁྲུལ་སྤོང་བཤད་པ་ནི།ད་ནི་འཕུལ་དང་མཐའ་ རྟེན་མགོ ། མེད་ལ་སྦྱོར་དང་ཡོད་ལ་སྤོང་། །འདམ་ང་ཅན་ལ་མཐའ་གཅིག་ཏུ། །འཛིན་པའི་འཁྲུལ་སྤོང་ཅུང་ཟད་བཤད། །ཅེས་པའི་བསྟན་དོན་ནི། ད་ནི་འཕུལ་ལམ་སྔོན་འཇུག་དང་མཐའ་རྟེན་ནམ་རྗེས་འཇུག་དང་། ར་ལ་སའི་མགོ་ཅན་གསུམ་སོགས་མེད་པའི་རིགས་ལ་སྦྱོར་བ་དང་ཡོད་པ་ལ་སྤོང་བ་སོགས་ དང་། འདམ་ང་ཅན་ནམ་དཔེར་ན་སྙན་ངག་དང་སྙན་དངགས་ལྟ་བུ་དང་ཐུན་མོང་དང་མཐུན་མོང་དག་ལ་ མཐའ་གཅིག་ཏུ་འཕུལ་རྟེན་སོགས་ཡོད་པར་འཛིན་པ་དང་ཡང་ན་མེད་པར་བཟུང་ནས་འདི་དང་ འདིའོ་ཞེས་འཛིན་པའི་འཁྲུལ་བ་དག་སྤོང་བའི་ཕྱིར་ཅུང་ཟད་ཅིག་གསལ་བར་བྱས་ཏེ་ བཤད་པར་བྱའོ། །རྔ་ཡབ་གེ་སར་སིལ་སྙན་དང་། །མངོན་སུམ་ཕུན་སུམ་ཚོགས་སོགས་ལ། །གས་འཕུལ་ནོར་རོ་གཤའ་མ་དང་། །གཤགས་འབྱེད་སོགས་ལ་མེད་ན་ནོར། །སར་བ་ལྟ་བུར་གང་ཡང་རུང་། །སྐྱིལ་ཀྲུང་སོགས་ལ་དས་འཕུལ་མེད། །དགུང་ལོ་མཚན་དགུང་ལོང་ཁྲིད་ཀྱི། །དམིགས་བུ་སོགས་ལ་མེད་ན་ནོར། །ཞེས་པའི་བསྟན་དོན་ནི། རྔ་ཡབ་ནི་གླིང་ཕྲན་ཞིག་གི་མིང་དང་ཕྱུགས་ཀྱི་རྔ་མ་ལས་བཟོས་པའི་བསིལ་གཡབ་ཀྱི་ མིང་། གེ་སར་ནི་གླིང་གེ་སར་དང་མེ་ཏོག་གི་ལྟེ་བའི་ཟེའུ་འབྲུའི་མིང་། སིལ་སྙན་ཏེ་དཀྲོལ་བྱའི་རོལ་མོ་ཞིག་དང་། མངོན་སུམ་སྟེ་མིག་དང་རྣ་བ་སྣ་ལྕེ་ལུས་ཏེ་དབང་ལྔའི་དངོས་སུ་ཉམས་སུ་མྱོང་བ་ལ་ ཟེར། ཡོན་ཏན་མ་ཚང་བ་མེད་པའམ་གྱ་ནོམ་པའི་དོན་གྱི་ཕུན་སུམ་ཚོགས་པ་སོགས་ལ་གེ་གསར་ དང་གསིལ་སྙན་ལྟ་བུའི་གས་འཕུལ་སྦྱོར་བ་དག་ནི་ནོར་རོ། །གཞན་གཤའ་མ་སྟེ་ཡང་དག་གམ་གསེར་གཤའ་མ་ལྟ་བུ་ནི་ལྷད་མེད་པའི་དོན་དང་། གཤགས་འབྱེད་མཁན་ཏེ་བདེན་རྫུན་སོགས་ཤན་འབྱེད་མཁན་གྱི་དོན་སོགས་ལ་གས་འཕུལ་ མེད་ན་ནོར་བ་ཡིན། སར་བ་ནི་གསར་བའི་དོན། དཔེར་ན། ལོ་སར་དང་རྟ་སར་ཕོ་སར་ལྟ་བུར་གས་འཕུལ་མེད་པ་དང་། གསར་བཞེངས་དང་གསར་འགྱུར་གསར་རྙིང་སོགས་ལ་གས་འཕུལ་ཡོད་པ་ལྟ་བུའི་འཕུལ་ཡོད་ མེད་གང་ཡང་རུང་བའི་སྦྱོར་ཚུལ་གཉིས་ཡོད། སྐྱིལ་ཀྲུང་ནི་རྡོ་རྗེ་སྐྱིལ་ཀྲུང་ཞེས་པའི་བཞུགས་སྟངས་སམ་སྡོད་ལུགས་ཤིག་གི་ དོན་སོགས་ལ་དས་འཕུལ་མེད་པ་ཡིན། དགུང་ལོ་ནི་ལོ་གྲངས་ཀྱི་ཞེ་སའི་ཚིག་ཅིག་ཡིན། དེ་བཞིན་མཚན་དགུང་ངམ་མཚན་དཀྱིལ་དང་། ལོང་ཁྲིད་ཀྱི་དམིགས་བུ་སྟེ་ལོང་འཁྲིད་བྱེད་མཁན་གྱི་མིང་ལ་དམིགས་བུ་ཟེར་བ་ སོགས་ལ་དས་འཕུལ་མེད་ན་ནོར་བ་ཡིན་ནོ། །སྙན་དངགས་སོགས་ལ་གང་ཡང་རུང་། །ཕྱག་དར་ལག་དར་གད་མོ་དང་། །སྐྲ་ཤད་སོགས་ལ་བས་འཕུལ་སྤང་། །བསེར་བུ་སྐྱོ་བསངས་རྒྱ་མོ་བཟའ། །བྱི་བདར་སོགས་ལ་མེད་ན་ནོར། །སྔོ་སངས་ལྟ་བུ་གང་ཡང་རུང་། །ཐ་གྲུ་ཐ་མ་ཚར་དུ་དངར། །ཚོན་རྩི་སོགས་ལ་མས་འཕུལ་སྤང་། །ཞེས་པའི་དོན་ནི། སྙན་དངགས་ནི་རྣ་བར་སྙན་ཞིང་ཡིད་ལ་འཇེབས་པའི་ཚིག་དང་དོན་གྱི་སྦྱོར་བ་ཕུན་ སུམ་སོགས་པའི་ཚིག་བཅད་ལྷུག་གང་རུང་གིས་གྲུབ་པའི་སྙན་པའི་སྔག་སོགས་ལ་དས་ འཕུལ་ཡོད་མེད་གང་ཡང་རུང་བ་བྱས་ཀྱང་ཆོག ཕྱག་དར་ནི་གད་སྙིགས་སོགས་ཕྱག་ནས་གད་དར་བྱས་པའི་དོན་དང་། ལག་དར་ཏེ་ལག་ཏུ་བཟུང་བའི་ཁ་བཏགས་སོགས་ལག་དར་གྱི་རིགས་སོགས་དང་། གད་མོ་དགོད་པའམ་བཞད་གད་ཀྱི་དོན་དང་། དེ་བཞིན་སྐྲ་ཤད་དེ་སྐྲའི་ཉག་མ་གཅིག་གི་མིང་དང་མིག་རབ་རིབ་ཅན་གྱི་མཐོང་ཡུལ་ ལ་ནད་སོགས་ཀྱི་དབང་གིས་མིག་ལམ་དུ་སྐྲ་ཤད་འཛག་པའི་སྣང་བ་འཆར་བ་ལྟ་བུ་སོགས་ལ་ བས་འཕུལ་སྤང་བར་བྱ། བསེར་བུ་ནི་རླུང་བུ་དལ་གྱིས་ལྡང་བའི་མིང་། སྐྱོ་བསངས་ནི་ཁམས་བསངས་ཏེ་སྐྱོ་བ་སེལ་བའི་བྱ་སྤྱོད་ཀྱི་མིང་། རྒྱ་མོ་བཟའ་ནི་སྲོང་བཙན་གྱི་དུས་སུ་བྱུང་བའི་རྒྱ་བཟའ་དང་བལ་བཟའི་མིང་ལྟ་བུ་ སོགས་དང་། བྱི་བདར་ནི་གད་བདར་རམ་ལག་པས་བྱི་བའམ་གཙང་སྒྲ་བྱས་པའི་དོན་སོགས་ལ་བས་འཕུལ་ མེད་ན་ནོར་བ་ཡིན། སྔོ་སངས་ཏེ་ནམ་མཁའི་རང་མདོག་གི་མིང་ལྟ་བུ་ལ་བས་འཕུལ་ཡོད་མེད་གང་ཡང་རུང་བ་ བྱེད་ཆོག ཐ་གྲུ་ནི་མཐའི་རྒྱ་ཁྱོན་གྱི་མིང་ཐ་མ་སྟེ་དམན་པ་དང་ཚར་དུ་དངར་བ་ནི་གཅིག་ འཕྲོར་གཅིག་མཐུད་ནས་བསྒྲིགས་ལེགས་པའི་དོན་ཏེ་མཁོ་དགུའི་ལོངས་སྤྱོད་ཚར་དུ་ དངར་ལྟ་བུ་དང་། ཚོན་རྩི་ནི་ཁ་དོག་སྒྱུར་བྱེད་ཀྱི་ཚོན་སྣ་ལྔའི་རྩི་ལྟ་བུ་སོགས་ལ་མས་འཕུལ་ སྤང་དགོས་སོ། །མཐེ་བོ་མཚེ་མ་སྔོ་སྨན་མཚེ། །ཁྱིམ་མཚེ་སོགས་ལ་མེད་ན་ནོར། །ཐུན་མོང་ལ་སོགས་གང་ཡང་རུང་། །ཚོང་འདུས་ཁམས་དང་ཚོགས་པ་ཚོམས། །ཕྲ་མ་ཁོན་འཛིན་ཁྲོ་བ་ཁྲོས། །རིམ་གྲོ་ཕྲ་མོ་ཕོངས་བ་དང་། །ཕྱུགས་པོ་སོགས་ལ་འས་འཕུལ་སྤང་། །མཐའ་འཁོབ་འཁྲི་ཤིང་འཁུར་བ་དང་། །ཚུལ་ཆོས་སོགས་ལ་མེད་ན་ནོར། །ཞེས་པས་བསྟན་དོན་ནི། མཐེ་བོ་སྟེ་སོར་མོ་ལྔའི་དང་བོའམ་སྦོམ་ཤོས་ལ་མཐེ་བོང་དང་། མཚེ་མ་ནི་མ་གཅིག་གི་མངལ་དུ་ཕྲུ་གུ་གཉིས་ཆགས་པ་སྟེ་བུ་མཚེ་མ་སྐྱེས་ལྟ་བུ་ དང་། སྔོ་སྨན་མཚེ་ནི་དགུན་དུས་རྩ་བ་མ་གཏོགས་སྐམ་ནས་མི་སྡོད་ཅིང་དྲི་ཞིམ་ལྡན་པའི་ རྩ་སྨན་ཞིག་ཡིན། ཁྱིམ་མཚེ་ནི་སྡོད་གནས་ཤིན་ཏུ་ཉེ་བའི་ཁྱིམ་ཚང་གི་མིང་ལྟ་བུ་སོགས་ལ་མས་འཕུལ་ མེད་ན་ནོར་བ་ཡིན། ཐུན་མོང་ནི་སྤྱི་ཁྱབ་སྟེ་རྒྱུ་རྫས་ཐུན་མོང་ལ་དབང་དང་སྤྱི་ཁྱབ་ལ་དབང་ལྟ་བུ་ ལ་ཐུན་མོང་དང་མཐུན་མོང་ལྟ་བུ་སོགས་གང་ཡང་རུང་བ་བྱེད་ཆོག་ཅེས་གསུངས་ནའང་དེང་ དུས་ཡོངས་གྲགས་ལ་ཐུན་མོང་ཞེས་འཕུལ་མེད་པ་འདི་ཉིད་འབྲི་བ་མང་ངོ་། །ཚོང་འདུས་སམ་ཚོང་ཁྲོམ་ནི་རྒྱུ་རྫས་མང་དུ་འདུས་པའམ་འཛོམས་པའི་ས་དང་། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔའི་ཁམས་སྐུ་ཁམས་བདེ་ལྟ་བུ་དང་། ཚོགས་པ་སྟེ་མང་པོ་ཕྱོགས་གཅིག་ཏུ་འདུས་པའི་དོན་དང་། ཚོམས་ནི་གསོལ་སྟོན་ཁང་ལ་ཚོམས་ཆེན་དང་མི་མང་འདུས་པའི་ཁང་པ་ལ་ཚོམས་ཁང་། ཕྲ་མ་སྟེ་མི་དང་མིའི་བར་གྱི་མཛའ་མཐུན་གྱི་འབྲེལ་བ་རླག་པར་བྱེད་པའི་གཏམ་བཤད་ མཁན་དག་ལ་ཕྲ་མ་མཁན་ལྟ་བུ་དང་། ཁོན་འཛིན་ཏེ་གཞན་ལ་མི་དགའ་བའི་སེམས་རྒྱུད་རིང་དུ་འཛིན་པ། ཁྲོ་བ་སྟེ་སེམས་ལ་ཞེ་སྡང་སྐྱེ་བ་དང་། ཁྲོས་ནི་ཞེ་སྡང་དྲག་པོ་སྐྱེས་ཏེ་ལུས་ངག་གི་རྣམ་པ་འགྱུར་བའི་དོན། རིམ་གྲོ་ནི་སྐུ་རིམ་སྟེ་ཕན་པར་བྱ་བའི་དོན་བསྒྲུབས་པ། ཕྲ་མོ་སྟེ་སྦོམ་པོ་མ་ཡིན་པ་ཤིང་ཕྲ་བ་ལྟ་བུ་དང་། ཕོངས་བའམ་ནོར་ལོངས་སྤྱོད་མེད་པ་དང་། ཕྱུག་པོ་ནི་ནོར་ལོངས་སྤྱོད་ཡོད་པའི་དོན་སོགས་ལ་འས་འཕུལ་སྤང་བར་བྱ། མཐའ་འཁོབ་ནི་དམ་པའི་ཆོས་སོགས་རིག་གནས་མི་དར་བའི་ས་ཆ་ལ་མཐའ་འཁོབ་ཅེས་འབྲི་བ་ དང་། མཐའ་མེད་པའི་དོན་ཏེ། འཇིག་རྟེན་གྱི་ཁམས་མཐའ་ཀླས་པ་ལྟ་བུ། དཔེ་ལ་ལར། འཐབ་འཁོབ་ཅེས་བྲིས་པ་ཡོད་ཀྱང་མ་དག་པར་གསུངས། ཡང་ན་འཐབ་རྩོད་བྱེད་པའི་ཡུལ་ལྟ་བུ་ལའང་གོ་ཆོག འཁྲི་ཤིང་ནི་ཤིང་རང་ཉིད་གཅིག་པུར་དྲང་པོར་ཚུགས་མ་ཟིན་པར་གཞན་ལ་འཁྲིལ་ནས་ སྐྱེས་པའི་ཤིང་དབྱི་མོང་དང་བ་ལེ་ཀ་ཟེར་བའི་ཤིང་ཞིག་དང་། ཤིང་དྲང་མོ་དག་ལ་གཞན་འཁྲིལ་ནས་སྐྱེ་ཆོག་པའི་ཤིང་དྲང་མོ་ལའང་འཁྲི་ཤིང་ཟེར་བ་ ལྟ་བུ། འཁུར་བ་ནི་ཁ་སྐད་དུ་གོ་རེ་ཟེར། སྣུམ་བཙོས་གོ་རེ་ལ་སྣུམ་འཁུར་ལྟ་བུ་དང་། ལས་འགན་རྒྱབ་ཏུ་འཁུར་བར་བྱེད་དང་ཁྲེས་པོ་རྒྱབ་ཏུ་འཁུར་དགོས་ལྟ་བུ་ལའང་འཇུག ཚུལ་འཆོས་ནི་ནང་ན་ཡོན་ཏན་མེད་ཀྱང་ཕྱི་ཚུལ་ལ་ཡོད་པར་སྟོན་པའི་བྱ་སྤྱོད་རྫུན་ པར་འཆོས་པ་སོགས་ལ་འས་འཕུལ་མེད་ན་ནོར་བ་ཡིན་ནོ། །ཕྲིན་ལས་ཕྲེང་སོགས་གང་ཡང་རུང་། །ཡི་གེ་མྱུ་གུ་ལུ་གུ་རྒྱུད། །ཤཱཀྱ་སོགས་ལ་ག་མཐའ་སྤང་། །ཕྲག་དོག་ཕྲུག་གུར་མེད་ན་ནོར། །པུས་མོའི་ལྷ་ང་སྒོ་ང་དང་། །སླ་ང་སོགས་ལ་ང་མཐའ་ནོར། །ཡི་དམ་ཡི་རང་ཡི་དྭགས་སོགས། །སྲི་ཞུ་སོགས་ལ་ད་མཐའ་ནོར། །ཞེས་པས་བསྟན་དོན་ནི། ཕྲིན་ལས་ནི་རང་གི་ཡོན་ཏན་དང་བྱ་བ་ལ་ཕྱོགས་ཀུན་ཏུ་སྙན་གྲགས་འཕེལ་བ། ཕྲེང་ནི་རྒྱུན་མ་ཆད་པར་སྔ་ཕྱི་རིམ་པར་བསྒྲིགས་པའི་དོན་སོགས་ལ་འཕྲེང་དང་ ཕྲེང་ལྟ་བུ་གང་ཡང་རུང་བ་སྦྱོར་ཆོག ཡི་གེ་ནི་མིང་ཚིག་བརྗོད་པ་ཀུན་རྩོམ་པར་བྱེད་པའི་སྐད་གདངས་ཁྱད་པར་བ་ཞིག་ཡིན། མྱུ་གུ་ནི་ས་བོན་ལས་གསར་དུ་ཁ་འབུས་པའི་རྩི་ཤིང་སོགས་ཀྱི་མིང་། ལུ་གུ་རྒྱུད་དེ་རིམ་པ་བཞིན་དུ་བརྒྱུད་པ་དང་གཅིག་རྗེས་གཉིས་མཐུད་དུ་བརྒྱུས་ པའམ་སྦྲེལ་བའི་དོན། ཤཱཀྱ་ནི་རྒྱ་གར་དུ་མིའི་རིགས་ཤིག་གི་མང་དུ་གྲགས་པ་སོགས་ལ་ཚིག་སྡུད་མིན་ཚེ་ ག་མཐའ་སྤང་དགོས། ཕྲག་དོག་ནི་གཞན་གྱི་ཡོན་ཏན་སོགས་ཕུན་སུམ་ཚོགས་པ་ལ་མི་དགའ་བའི་འགྲན་སེམས་ཏེ་ ཡོན་ཏན་ཅན་ལ་ཕྲག་དོག་མ་བྱེད་ལྟ་བུ། ཕྲུག་གུར་ཞེས་པའི་གུར་གྱི་ར་ནི་ལ་དོན་ཡིན་ལ། ཕྲུ་གུ་ནི་མངལ་ནས་སྐྱེས་ཏེ་ཡུན་རིང་མ་ལོན་པའི་བྱིས་པ་སྟེ། ཕྲུག་གུ་སོགས་ལ་མེད་ན་ནོར་བའམ་ག་མཐའ་དགོས་པ་ཡིན་གསུངས་ཀྱང་དེང་དུས་ཡོངས་ གྲགས་ལ་ཕྲུ་གུ་དང་ལུ་གུ་ཞེས་འབྲི་བ་ལས་ཕྲུག་གུར་དང་ལུག་གུ་ཞེས་འབྲི་སྲོལ་ ཉུང་འདུག པུས་མོའི་ལྷ་ང་ནི་རྗེ་ངར་དང་བརླ་རུས་བར་འབྲེལ་བའི་ཚིགས་མཚམས་ནི་པུས་མོ་དང་། པུས་མོའི་མགོའི་རུས་པ་ལ་འཕང་ལོའམ་ལྷ་ང་ཟེར། སྒོ་ང་ནི་འདབ་ཆགས་སོགས་ལ་ཐོག་མར་ཕྲུ་གུ་སྐྱེས་པའི་མིང་དང་། སླ་ང་ནི་ཟས་སྐོལ་བྱེད་ཀྱི་སྣོད་ལྕགས་ཀྱི་སླ་ང་ཟངས་ཀྱི་སླ་ང་ལྟ་བུ་སོགས་ལ་ ཚིག་སྡུད་མིན་ཚེ་ང་མཐའ་ཡོད་ན་ནོར་བ་ཡིན ཡི་དམ་ནི་རང་གིས་རྒྱུན་པར་བསྟེན་པའི་ལྷག་པའི་ལྷ་གང་ཡིན་པ་དེ་དང་། ཡི་རང་ནི་གཞན་གྱི་དགེ་བ་སྒྲུབ་པ་དང་ཡོན་ཏན་སོགས་ཀྱི་བྱ་སྤྱོད་ལ་སྙིང་ནས་ དགའ་བ་སྐྱེས་པའི་དོན་ཡིན། ཡི་དྭགས་ནི་འགྲོ་བ་རིགས་དྲུག་གི་ཡ་གྱལ་ལྷག་པར་བཀྲེས་སྐོམ་གྱི་སྡུག་བསྔལ་ཅན་ སོགས་དང་། སྲི་ཞུ་ནི་སྐུ་གཡོག་བྱས་པ་དང་བཀུར་སྟི་བྱས་པའི་དོན་སོགས་ལ་ད་མཐའ་ཡོད་པ་ནི་ ནོར་བ་ཡིན་ནོ། །སྐད་ཅིག་ལྟ་བུར་གང་ཡང་རུང་། །སེ་མོ་དོ་ལ་ན་མཐའ་སྤང་། །བྱན་མོ་ལྟ་བུར་མེད་ན་ནོར། །ལྷ་བཙུན་བཟའ་བཏུང་གདུ་བུ་དང་། །ལེ་བརྒན་སོགས་ལ་བ་མཐའ་ནོར། །wRJ康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论