ཁྱོད་ཀྱི་མི་ཚེའི་དམིགས་འབེན་ནི་ཅི་ཞིག་ནམ། ཡང་ན་ཁྱོད་ཀྱི་ཕུགས་བསམ་ཁྲོད་ན་གནས་པའི་འཚོ་བའི་རྣམ་པ་ནི་ཅི་འདྲ་ཞིག་ཡིན་ནམ།
མི་ཞིག་གིས་སྔ་མོ་ནས་འདི་ལྟར་ཚོད་རྩིས་གནང་ཡོད། མི་ཞིག་གི་མི་ཚེ་གཅིག་གི་ཡུན་ཚད་ལ་ཕལ་ཆེར་ལོ་ངོ་༨༠ཡས་མས་ཤིག་ཡོད་ཀྱང་། ཉིན་ཁྲི་ཕྲག་གསུམ་ཙམ་དང་ཆུ་ཚོད་ཁྲི་༧༢ཡས་མས་ཤིག་ཡོད། ཡིན་ན་ཡང་གཉིད་ལོག་པའི་དུས་ཚོད་དང་། རྩེད་མོར་རོལ་བའི་དུས་ཚོད། སྤྲོ་བསང་གཏོང་བའི་དུས་ཚོད། ད་དུང་ཕྲན་ཚེགས་གཞན་རྣམས་ཕར་ཕུད་ཚེ། ང་ཚོའི་དོན་དངོས་ཀྱི་ཁྲོད་དུ་སྤྱོད་ཆོག་པའི་ཆུ་ཚོད་ནི་ཁྲི་༢༤ཡས་མས་ཤིག་ལས་མེད། ཆུ་ཚོད་ཁྲི་༢༤དེ་ཇི་ལྟར་བེད་སྤྱོད་གཏོང་བ་ནི་ཁྱོད་རང་ཉིད་ཀྱིས་ཐག་གཅོད་གནང་དགོས་པ་ཞིག་རེད། མི་ཚེ་འདི་གང་ལྟར་མི་ཚང་མ་ལ་གཅིག་མ་གཏོགས་ཡོད་མི་སྲིད། དེ་བས་སྐར་མ་གཅིག་དང་སྐར་གཅིག་ཙམ་ཡང་ཧ་ཅང་རྩ་ཆེན་ཡིན་པས་དོན་མེད་དུ་གཏན་ནས་འཕྲོ་བརླག་གཏོང་མི་རིགས།
འོ་ན་ཇི་ལྟར་བྱས་ན་ད་གཟོད་ཆུ་ཚོད་འཕྲོ་བརླག་ཏུ་མི་འགྲོ་བ་ཞིག་ཡོང་ངམ། འདིར་གླེང་བཞིན་པའི་འཕྲོ་བརླག་ཏུ་མི་གཏོང་བ་ཞེས་པ་ནི་བྱ་བ་ཁོ་ནར་མཚོན་ནས་གླེང་པ་མ་ཡིན་པར། དེའི་ནང་དུ་སློབ་སྦྱོང་དང་འཚོ་བ་སོགས་ཆུ་ཚོད་བཀོལ་སྤྱོད་གཏོང་སའི་ཆ་ཤས་མང་བོ་ཞིག་འདུས་ཡོད།
མིའི་འཚོ་བ་ནི་རིགས་མི་གཅིག་པའི་གནས་སྟངས་མང་བོ་ཞིག་གི་ཁྲོད་དུ་ཡོད། གང་ཞིག་ནི་གཙོ་བོ་ཡིན་པ་དང་། ཅི་ཞིག་ནི་ཕལ་བ་ཡིན་པའི་ཤན་འབྱེད་དེ་མི་སྒེར་སོ་སོའི་ངོས་ནས་ཐད་གཅོད་གནང་དགོས་པ་ཞིག་རེད་ལ། ཅི་ཞིག་སྤངས་འོས་པ་དང་གང་ཞིག་འདེམས་འོས་པའི་འདོར་ལེན་གྱི་ཚད་གཞི་དེ་ཡང་རང་ཉིད་ཁོ་ནས་ཐག་གཅོད་གནང་དགོས་པ་ཞིག་རེད། རྒྱུ་མཚན་དེས། གལ་ཏེ་ཁྱོད་ཀྱིས་མི་ཚེ་འདི་འོད་སྟོང་ལྡན་པ་ཞིག་བྱ་འདོད་ཚེ། ཐོག་མར་ཅིས་ཀྱང་གསལ་བོ་གསལ་རྐྱང་གི་མི་ཚེའི་དམིགས་འབེན་ཞིག་གཏན་འཁེལ་གནང་དགོས་པ་ནི་གནད་ཀྱི་དོན་པོ་ལགས།
ང་ཚོས་མི་ཚེའི་ཐབས་ཕྱོགས་ཞེས་འབོད་ཀྱིན་པ་དེ་ནི། མི་ཚེའི་དམིགས་འབེན་དང་ཕུགས་བསམ་རེད། དམིགས་འབེན་དེར་སླེབས་ཆེད་ང་ཚོས་ངེས་པར་དུ་འོས་འཚམས་ཀྱི་ཐབས་རྩལ་གང་མང་ཞིག་བེད་སྤྱོད་གཏོང་ཤེས་དགོས་ཤིང་། ཐབས་ཕྱོགས་དེ་མངོན་དུ་འགྱུར་ཆེད་ཐབས་ཤེས་གང་མང་ཞིག་ཀྱང་ལག་ལེན་དུ་འདེབས་རིགས།
དེའི་རྐྱེན་ཀྱིས་ཐབས་ཕྱོགས་དང་ཐབས་རྩལ་གཉིས་ལ་སྐབས་ལན་རེར་དམིགས་བསལ་གྱི་མཚོན་དོན་ཁྱད་པར་རེ ཡོད། ཀློག་པ་པོ་རེ་འགས་སྣང་ངོར་དེ་གཉིས་ནི་དགྲ་བོ་ལ་རྒོལ་བའི་སྟ་གོན་ཞིག་རེད་སྙམ་ཀྱིན་ཡོད། ནང་དོན་ནི་ཁ་གཏད་ཡོད་ཚད་ཀྱི་དམིགས་དབེན་དེ་དགྲ་བོ་རེད་ལ། མཐར་ཐུག་གི་དམིགས་ཡུལ་ནི་དགྲ་བོ་དེ་དག་རྩ་མེད་དང་ཕམ་པར་བྱ་རྒྱུ་དེ་རེད་ཟེར། ཡིན་ཡང་དོན་དངོས་ཐོག་དེ་འདྲ་ཞིག་མ་རེད། ང་ཚོས་འདིར་གླེང་བཞིན་པའི་ཐབས་ཕྱོགས་མཐའ་དག་ལ་ཕུགས་བསམ་གྱི་རང་བཞིན་དང་བླ་ན་མེད་པའི་རང་བཞིན་གཞན་ཞིག་ཡོད་ཅིང་། ཐབས་རྩལ་ལ་ཡང་ལུགས་མཐུན་གྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན་ལྡན་ཡོད། མ་ཟད་འོས་འཚམས་དང་སྤྱོད་གོ་ཡོད་པའི་ལག་ལེན་དེས་མི་སྒེར་གྱི་ཧུར་བརྩོན་དང་སྔོན་ཐོན་གྱི་དམིགས་འབེན་མངོན་དུ་བྱ་ནུས།
ཁྱོད་ལ་ཕུགས་བསམ་ཡོད་པའི་ཉིན་དེ་ནས་བཟུང་། ཁྱོད་ལ་དམིགས་འབེན་ཡོད་པའི་ཉིན་དེ་ནས་བཟུང་། ཁྱོད་ཀྱི་མི་ཚེ་དེ་རིན་ཐང་ལྡན་པ་ཞིག་ཏུ་འགྱུར་འགོ་ཚུགས་པ་རེད། སྐབས་དེར་ཡོད་ཚད་ནས་ཡོད་ཚད་ཁྱོད་ཀྱི་མིག་མདུན་དུ་གསལ་བོ་གསལ་རྐྱང་གིས་མངོན་ཡོང་ངེས། ཅི་ཞིག་བསྒྲུབ་འོས་པ་དང་གང་ཞིག་ལས་མི་འོས་པ། ཅིའི་ཕྱིར་བསྒྲུབ་དགོས་པ་དང་། སུའི་ཆེད་དུ་སྒྲུབ་དགོས་པ་མཐའ་དག་ཁྱོད་ཀྱི་མིག་མདུན་དུ་མངོན་པར་ཤར་ཡོང་ངེས།
དེ་དང་བསྟུན་ནས་ང་ཚོའི་ཕུགས་བསམ་དེ་དང་དམིགས་ཡུལ་དེ་མངོན་དུ་འགྱུར་ཆེད་ཚད་མེད་པའི་སེམས་ཤུགས་ཤིག་ཀྱང་འདོད་སྤེལ་བྱ་ནུས་ལ། མི་ཚེའི་འོད་སྣང་དེ་ཡང་འོད་ཆེམ་ཆེམ་དུ་གསལ་བར་བྱ་ནུས། ཕུགས་བསམ་མངོན་འགྱུར་ལ་འབད་རྩོལ་བྱེད་པའི་གོ་རིམ་ཁྲོད་དུ། མི་ཚེའི་སྤྲོ་སྣང་དང་སྙིང་དོན་ཡང་གསལ་བོར་མངོན་ཡོང་ཞིང་། འཚོ་བ་ལ་ཡང་ངར་སེམས་དང་གསོན་ཤུགས་གང་མང་ཞིག་ཁ་སྣོན་བརྒྱག་ཐུབ། སྐབས་དེར་ང་ཚོའི་རང་སྟེང་གི་བག་ལ་ཉལ་བའི་ནུས་པ་དག་ཀྱང་འདོན་སྤེལ་བྱ་ནུས།
གལ་ཏེ་ང་ཚོས་ནམ་རྒྱུན་འདུ་ཤེས་མ་བོར་བའི་ཐོག་ནས་འདི་འདྲའི་གནས་སྟངས་ཤིག་གསར་བསྐྲུན་བྱ་ནུས་ན་མི་ཚེ་ནི་ལེགས་འགྲུབ་ཀྱི་ལམ་དུ་བསྐྱོད་ནུས་ལ། གྱ་ནོམ་པའི་རྩ་དོན་དང་རྩ་བའི་རིགས་པ་གང་མང་ཞིག་ཀྱང་ཁ་སྣོན་བྱ་ནུས། འདི་ལ་མི་ཚེའི་ཐབས་ཕྱོགས་ཟེར། འདི་ནི་ད་དུང་ཧུར་བརྩོན་གྱི་ཁ་ཕྱོགས་ཀྱང་ཡིན། ཕུན་སུམ་ཚོགས་པའི་འཚོ་བ་རེ་བའི་མི་ཞིག་ལ་མཚོན་ནས་གླེང་ན། ཐེ་ཚོམ་མེད་པ་ནི་མི་ཚེའི་ལམ་གྲོགས་དང་ཕྱོགས་སྟོན་ཡིན།
མི་ཚེའི་སྤྲོ་སྣང་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ཡོད།
འོན་ཀྱང་ལྡོག་འདྲི་ཞིག་བྱས་ན། ང་ཚོ་མི་ག་ཚོད་ཅིག་གིས་ཡིད་ཆེས་ལྡན་པའི་ཐོག་ནས་ད་ལྟ་ངས་མི་ཚེའི་སྤྲོ་དགའ་ལོངས་སུ་སྤྱོད་ཐུབ་སོང་ཞེས་བརྗོད་ནུས་སམ། ད་དུང་མི་ག་ཙམ་ཞིག་གིས་རང་ཉིད་ལ་ཆེས་དགའ་སྣང་དང་ངར་སེམས་སྟེར་བའི་བྱ་བ་དེ་གསལ་བོར་གླེང་ནུས་སམ། དོན་དངོས་ཐོག་འདི་ནི་ཡ་མཚར་མི་དགོས་པའི་རྒྱུན་ལྡན་གྱི་གནད་དོན་ཞིག་ཡིན་ན་ཡང་། བསམ་བློ་ཞིབ་མོར་བཏང་ཚེ་ངས་བལྟས་ན་མི་སུས་ཀྱང་འདི་ལ་རང་དགར་ལན་ཡག་པོ་ཞིག་ཐེབས་མི་སྲིད། མི་སུས་ཀྱང་བདེ་སྐྱིད་ལྡན་པའི་འཚོ་བ་རེ་ཅིས་ཀྱང་རོལ་མྱོང་ཡོད་ངེས།
འོན་ཀྱང་ཅི་ཞིག་ལ་ད་གཟོད་བདེ་སྐྱིད་ཅེས་སུ་བསྙད་ན་འགྲིག་གམ། ཇི་ལྟར་བྱས་ན་ད་གཟོད་དོན་དམ་པའི་བདེ་སྐྱིད་དེ་དངོས་སུ་ཐོབ་ཐུབ་བམ། གལ་ཏེ་ང་ཚོའི་སྣང་ངོར་དྲིས་ལན་དེ་དག་རབ་རིབ་དང་མག་མོག་ཅིག་ཡིན་ཚེ། འུ་ཅག་གིས་སང་ཉིན་གྱི་དུས་སུ་ཐབས་ལམ་ཅི་ཞིག་སྤྱོད་འོས་པ་དང་། ཇི་ལྟར་བྱས་ན་ད་གཟོད་འཚོ་བ་ཕུན་སུམ་ཚོགས་ཤིང་དེ་ལས་ཀྱང་རིན་ཐང་ལྡན་ཞིང་ཕུགས་བསམ་གྱི་རང་བཞིན་ལྡན་པ་ཞིག་ཏུ་འགྱུར་ཐུབ་པ་གཏན་ནས་མི་ཤེས།
ང་ཚོས་ངེས་པར་དུ་བསྟན་དོན་འདི་དག་ལ་ཞིབ་ཕྲའི་སྒོ་ནས་བསམ་ཞིབ་ཅིག་བྱ་འོས། རང་ཉིད་ཀྱིས་བསྒྲུབ་འདོད་པའི་བྱ་བ་ནི་ཅི་ཞིག་ཡིན་ནམ། ཅི་ལྟ་བུའི་འཚོ་བ་ཞིག་རོལ་ན་འདོད་དམ། རང་དང་གཞན། སྤྱི་ཚོགས་བར་གྱི་འབྲེལ་བ་ལ་ལྟ་སྟངས་ཅི་འདྲ་ཞིག་སྲུང་འཛིན་བྱ་རྩིས་ཡོད། རྣམ་པ་དང་གནས་ཚུལ་ག་འདྲ་ཞིག་གི་འོག་ནས་ཁྱོད་ཀྱི་སེམས་ཁ་གང་ཐུབ་བམ།
འདི་ནི་ཁེ་ལས་ཤིག་དང་འདྲ། དེ་བས་ང་ཚོས་ཀྱང་ངེས་པར་དུ་སྔོན་ལ་རང་ཉིད་ཀྱི་མི་ཚེའི་ཁ་ཕྱོགས་དང་དམིགས་འབེན་དེ་གསལ་བོ་གནང་དགོས། དེང་སང་གི་ཁེ་ལས་བདག་གཉེར་ལ་གཞི་འཛིན་པའི་འདུ་ཤེས་དང་ཆོད་དོན་མཁོ་ཞིང་། CI. (Corportlteldentily) དེ་ལས་ཀྱང་ལས་བཟོ་མཐའ་དག་ལ་འཐད་མོས་ཡོད་པའི་ཧུར་བརྩོན་གྱི་ཁ་ཕྱོགས་དང་གཅིག་མཐུན་ཀྱི་ཡིད་ཆེས། གཅིག་མཐུན་གྱི་འདོད་མོས་ཤིག་མཁོ། མི་སྒེར་འཐུས་ཚང་དུ་གཏོང་འདོད་མཁན་ཞིག་ལ་མཚོན་ཡང་གཅིག་མཚུངས་ཡིན་ཏེ། རང་ཉིད་ལ་ཧུར་བརྩོན་གྱི་ཁ་ཕྱོགས་ཤིག་མཁོ་ཞིང་། སྒེར་གྱི་LI,(lifeldentity )གཏན་ཁེལ་བྱ་དགོས། LIགཏན་ཁེལ་བྱ་དགོས་ཞེས་པའི་དོན་ནི། མི་ཚེའི་གནས་ཐིག་གཏན་ཁེལ་བྱ་བ་ལ་ཟེར། དེ་བས་སྔོན་ལ་ང་ཚོའི་རང་ཉིད་གསལ་བོར་རྟོགས་དགོས་ལ། རང་ཉིད་སྤྱི་ཚོགས་ཀྱི་གྲུ་ཟུར་སྣ་ཚོགས་ཁྲོད་དུ་མངོན་ཡོང་སྐབས། རང་ཉིད་ཡོད་སའི་གནས་ཡུལ་དེ་གསལ་བོར་ཧ་གོ་དགོས། མ་ཟད་རང་ལ་ཚད་གཞི་མཐོ་བའི་གནས་ཐིག་ཅིག་གཏན་ཁེལ་བྱ་ཕྱིར་ད་ལྟ་ཡོད་སའི་གནས་ཐིག་དེར་རྨང་གཞི་བྱས་ཏེ་གོམ་འགྲོས་མདུན་དུ་ཕྱོགས་དགོས། འདི་ཡང་ང་ཚོས་རྒྱུན་ལྡན་དུ་གླེང་བཞིན་པའི་དམིགས་འབེན་དང་ཕུགས་བསམ་ཞེས་པ་དེ་ཡིན།
ང་ཚོས་མི་ཚེའི་ཡོད་ཚད་ལ་བསམ་གཞིགས་གནང་སྐབས་ཕལ་ཆེར་མི་སྒེར་གནས་པའི་ཕུགས་བསམ་དང་དམིགས་འབེན་ལ་གཞིགས་ཏེ་ཁུངས་འདེད་བྱ་ཞིང་། ཕུགས་བསམ་འདི་དག་ང་ཚོ་ཚང་མའི་མི་ཚེ་ཡིན་པའི་གྲུབ་ཚུལ་ལ་བསམ་གཞིགས་ཤོར། ང་ཚོས་ཕུགས་བསམ་མངོན་དུ་བྱེད་པའི་གོ་རིམ་ཁྲོད་དུ་སྤྱི་ཚོགས་རྒྱབ་ལྗོངས་ཀྱི་གནས་སྟངས་དེ་ཡང་སྣང་མེད་བྱ་མི་རུང་བ་ཞིག་ཡིན་པ་སྨྲོས་མེད་རེད། དེའི་སྟབས་ཀྱིས་མི་ཚང་མའི་མི་ཚེའི་ལྟ་ཚུལ་དང་རིན་ཐང་གི་ངོས་འཛིན། རིག་གནས་ཀྱི་རྒྱབ་ལྗོངས་དང་། འཚོ་བའི་ཁོར་ཡུག ཆོས་ལུགས་ཀྱི་དད་མོས་སོགས་མདོར་ན་ཡོད་ཚད་འདྲ་མི་སྲིད། མི་ཚང་མའི་LIལ་ཡང་ཆེ་ཆུང་ངེས་ཅན་ཞིག་ཡོད་ངེས་ཤིང་། དེས་སྟབས་ཀྱིས་རེ་སྙེགས་ཁྲོད་ཀྱི་མི་ཚེའི་དམིགས་འབེན་ལ་ཡང་ཁྱད་པར་ཆེན་པོ་ཞིག་ཡོད་ངེས།
དཔེ་ཞིག་བཞག་ན། མི་འགའ་རེས་ཕྱི་དངོས་པོའི་ཐོག་གི་ཕུན་ཚོགས་ལ་རེ་སྙེགས་དང་བརྩོན་ལེན་བྱེད་ཀྱང་། མི་འགའ་རེའི་རྣམ་ཤེས་ཀྱི་དྭངས་མ་འཚོལ་ནས་ཐར་བ་ལ་རེ་བ་བྱེད། དེས་རྐྱེན་གྱིས་རང་ཉིད་ཀྱི་LIགཏན་ཁེལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད། དམིགས་འབེན་དང་ཕུགས་བསམ་གྱིས་ང་ཚོར་ཕུན་སུམ་ཚོགས་པའི་མི་ཚེ་ཞིག་རོལ་བར་སྣེ་ཁྲིད་བྱ་ཐུབ།
LIཐབས་ཕྱོགས་གཏན་ཁེལ་བྱ་རྒྱུ་ནི་མི་ཞིག་གི་མི་ཚེའི་བདེ་སྡུག་དང་འབྲེལ་བ་ཡོད། ཁོས་ད་གཟོད་མི་ཚེ་ལ་རིན་ཐང་དང་མཛེས་སྡུག་གི་ཁ་སྣོན་གནང་ཐུབ་ཅིང་། དེ་ལས་གཞན་ཁོ་ནི་མི་ཚེའི་ཐབས་ཕྱོགས་ཀྱི་ཆེས་མཐོ་བའི་ཐབས་ཕྱོགས་ཤིག་རེད། དངོས་ཡོད་དང་རྟོན་སེམས། རང་གི་མི་ཚེ་ལ་བསྒྱུར་བཅོས་གཏོང་བ། གལ་ཆེ་བའི་ཕུགས་བསམ་དང་དམིགས་འབེན། དེ་མིན་རིན་ཐང་གི་ལྟ་ཚུལ་མཐའ་དག་ཀྱང་རང་ཉིད་ཀྱི་LIརེད། ཡང་ན་མི་ཚེའི་ཆེས་མཐོ་བའི་ཐབས་ཕྱོགས་རེད། ད་དུང་བྱ་བའི་ཁྲོད་དུ་ཡིན་ན་ཡང་ཆོག སློབ་སྦྱོང་ལ་མཚོན་ན་ཡང་ཆོག མི་རེ་རེའི་འཚོ་བ་ལ་མཚོན་ན་ཡང་རུང་། མི་ཚེའི་བདེ་སྐྱིད་ཀྱི་དོན་སྙིང་མཐའ་དག་ནི་ཆེས་མཐོ་བའི་ཐབས་ཕྱོགས་འདི་ལ་བརྟེན་ཏེ་བྱུང་བ་རེད། ཉི་ཧོང་ལ་ཀོང་ཞེན་ཀྲུ་ཟེར་བའི་སྙན་ངག་མཁན་པོ་ཞིག་ཡོད། ཁོང་ནི་ཉི་ཧོང་གི་བྱང་ཤར་མངའ་སྡེ་ཞིག་ཏུ་སྐུ་འཁྲུངས་པ་རེད་ལ། ཉེ་ལམ་ས་ཁུལ་དེ་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་གནས་ཁུལ་ཞིག་རེད། ཡིན་ན་ཡང་སྐབས་དེར་ལག་རྩལ་རྗེས་ལུས་དང་གནམ་གཤིས་གྲང་འཁྱག་གི་གནོད་སྐྱོན་བྱུང་བའི་གནས་ཚུལ་འོག་ཏུ། ཞིང་པ་ཚོས་ནམ་རྒྱུན་ཧ་ཅང་ཉམ་ཐག་པའི་འཚོ་བ་རོལ་དགོས་བྱུང་།
ཁོར་ཡུག་འདི་འདྲ་ཞིག་གི་གནས་སྟངས་ཁྲོད་སྐུ་འཁྲུངས་ཤིང་གཉོམ་ལག་རྒྱས་པའི་ཀོང་ཞེན་ཀྲུ་ཡིས། ཞིང་བ་ཚོའི་དགའ་སྡུག་དང་ཉམ་ཐག་གི་འཚོ་བ་དེ་ལྟ་བུ་དངོས་སུ་མཐོང་རྗེས། ཁོས་རང་གི་ཕ་ཡུལ་ལ་ཉེན་ཁ་མེད་པའི་བགྲོད་ལམ་ཞིག་གསར་བཏོད་བྱ་རྒྱུ་སེམས་ཐག་བཅད།
ཁོ་རང་ལག་རྩལ་གསར་བ་སློབ་སྦྱོང་བྱེད་དུ་སོང་ཞིང་ཚུར་ཡོང་ནས་སྔོ་ཚལ་སྣ་ཚོགས་བཏབ་ཏེ་ཚོད་ལྟ་བྱས། ད་དུང་ཁོས་སྡེ་ཁུལ་དུ་རིན་མེད་ཆེད་དོན་འཆད་ཁྲིད་ཀྱི་ལས་གཞི་བཙུགས་ཤིང་། མང་ཚོགས་ལ་གནམ་གཤིས་སྡུག་ཆགས་ཀྱི་གནས་ཚུལ་འོག་ནས་ཇི་ལྟར་སྔོ་ཚོད་འདེབས་གསོ་དགོས་ཚུལ་དང་། ལོ་ཏོག་ལ་ཇི་ལྟར་སྲུང་སྐྱོབ་བྱ་དགོས་པའི་ལག་རྩལ་བསླབས། ཁོས་གནམ་གཤིས་ཀྱི་ཤུགས་རྐྱེན་ལ་ཁ་ཡ་མ་བྱས་པར་མང་ཚོགས་ལ་རིན་མེད་ཀྱི་ལུད་རྫས་སྟེར། ཁོ་ལ་༼ཆར་རླུང་ཁྲོད་དུ་འགྲེང་བ༽ཞེས་པའི་སྙན་ངག་ཅིག་ཡོད། སྙན་ངག་དེའི་ཁྲོད་དུ་ཁོའི་བློ་སྤོབས་དང་འདུན་པ་མཐའ་དག་མ་ལུས་པར་མངོན་པར་བྱས་ཡོད། ཁོའི་འདུན་པ་ནི་ཞིང་སྡེ་དེའི་ཉམ་ང་དང་ཐབས་ཆག་གི་རྣམ་པ་འདི་བསྒྱུར་བཅོས་བྱ་རྒྱུ་དེ་ཡིན་ལ། སྡེ་མི་ཚོའི་འཚོ་བ་ལ་བདེ་སྐྱིད་ཀྱི་ཁ་སྣོན་རྒྱག་རྒྱུ་དེ་ཡིན།
ཕུགས་བསམ་དེ་ཡི་ཆེད་དུ་རང་ཉིད་ཀྱིས་དངོས་སུ་ལག་འགུལ་ཞིང་ག་ས་གང་དུ་ཁྱད་འཕགས་ཀྱི་ལག་རྩལ་གསར་བ་འཚོལ་དུ་ཕྱིན། ང་ཚོས་འདི་ལྟར་ལབ་ཆོག་སྟེ། སྙན་ངག་དེའི་ཁྲོད་དུ་མངོན་པའི་བློ་སྤོབས་དང་འདུན་པ་དེ་ནི་ཀོང་ཞེན་ཀྲུའི་ཆེས་མཐོ་བའི་མི་ཚེའི་ཐབས་ཕྱོགས་ཡིན་ལ།སྙན་ངག་དེ་ནི་ཁོའི་ཆེས་མཐོ་བའི་མི་ཚེའི་ཐབས་ཕྱོགས་སྟོན་པའི་བསྒྲགས་གཏམ་ཞིག་རེད། མ་གཞི་ཀོ་ཞེན་ཀྲུ་ཡི་ཁྱིམ་ཚང་ཡང་དབུལ་བོ་ཞིག་རེད་ལ་ཁོའི་མི་ཚེའི་བགྲོད་ལམ་ཡང་ཀྱག་ཀྱོག་ལྡན་པ་ཞིག་རེད།
འོན་ཀྱང་ཁོ་མི་ཚེ་འདི་ལྟར་གཏོང་འོས་པར་ཡིད་ཆེས་ལྡན་ལ། བསྒྲུབ་འདོད་པའི་བྱ་བ་དང་ཐོབ་འདོད་པའི་དངོས་པོ་མཐའ་དག་ཀྱང་ཧ་ཅང་གསལ་བོ་རེད། ཁོས་དམིགས་འབེན་གཏན་ཁེལ་ཚར་བ་ནས་ཧུར་ཐག་གིས་ལག་ལེན་གནང་ཞིང་བྱ་བ་དེ་འགྲུབ་ཐབས་བྱས། སྐབས་དེའི་མི་དག་གིས་ཁོའི་སྙན་ངག་པའི་ཐོབ་ཐང་ལ་བརྩི་མཐོང་ཆེན་པོ་དེ་འདྲ་བྱས་མེད་ཀྱང་། རྗེས་སུ་ཁོང་ལག་རྩལ་གྱི་སྟོན་པ་རུ་བཀུར་ཡོད། རྒྱུ་མཚན་ཁོས་ཞིང་བ་དེ་འདྲ་མང་བོ་ཞིག་ལྟོགས་སྐོམ་གྱི་གནས་ལས་བསྐྱབས་པའི་སྣང་ཚུལ་དེ་ཧ་ཅང་གླེང་རིན་ཡོད་པ་ཞིག་ཡིན་པས་ཡིན།
ཕུགས་བསམ་མངོན་འགྱུར་གྱི་ཆེད་དུ་ཆེས་མཐོ་བའི་མི་ཚེའི་ཐབས་ཕྱོགས་མངོན་དུ་བྱས་པའི་ཀོ་ཞེན་ཀྲུ་ནི། ཕལ་ཆེར་བློ་འདོད་ཁེངས་བའི་ལེགས་འགྲུབ་མཁན་ཞིག་རེད།
ཀོ་ཞེན་ཀྲུ་ཡིས་ཕུགས་བསམ་ལག་བསྟར་བྱས་པ་ནི་ཆེས་མཐོ་བའི་ཐབས་རྩལ་གྱི་མངོན་སྟངས་འགན་ལེན་བྱས་པ་རེད། LIདང་ཕུགས་བསམ་ཡོད་པའི་རྗེས་སུ་ད་དུང་ངེས་པར་དུ་ཡོད་དགོས་པ་ནི་ལག་ལེན་རེད། ལག་ལེན་གྱིས་མི་ཚེའི་ཁྲོད་དུ་ཧ་ཅང་གོ་གནས་ཆེན་པོ་ཞིག་བཟུང་ཡོད།
བཤད་ཀྱང་མ་བསྒྲུབ་ལ་བསམ་ཀྱང་མ་ལས་ཚེ་གཞན་གཅིག་ཀྱང་རང་ཤུགས་ཀྱིས་འབྱུང་མི་སྲིད། འོན་ཀྱང་ལག་ལེན་གྱིས་དངོས་སུ་འགྲུབ་ཐུབ་པ་ནི་དམིགས་ཡུལ་ཙམ་རེད། དེ་ཙམ་ལ་ཡང་དོན་སྙིང་ཅུང་ཙམ་ཡང་མེད།
ལག་ལེན་གྱི་ཕག་ཏུ་ཡོད་དགོས་པ་ནི་ཕལ་ཆེར་གཏན་འབེབས་དང་རྟོགས་སད་ཀྱི་ཆེས་མཐོ་བའི་བང་རིམ་ཞིག་རེད་ལ། དེ་ལས་གཞན་དངོས་ཡོད་ལག་ལེན་གྱི་ནུས་པ་དང་ཆོད་སེམས་རེད། ཁྱོད་ཀྱིས་ཅིས་ཀྱང་རང་ལ་ནམ་རྒྱུན་ཁྱོད་ཀྱིས་གཏན་ཁེལ་ཚར་བའི་ཆེས་མཐོའི་ཐབས་ཕྱོགས་དེ་ནི་ཅི་ཞིག་ཡིན་པ་དང་། དོན་དངོས་ཀྱི་ཆོད་སེམས་དང་རྟོགས་སད་དེ་གང་ན་ཡོད་པ་སོགས་ལྡོག་འདྲི་གནང་འོས། འདི་ནི་ད་གཟོད་བདེ་སྐྱིད་ཀྱི་སྒོ་ཆེན་ནས་ངེས་པར་དུ་བརྒྱུད་དགོས་པའི་ལམ་ག་ཞིག་ཡིན།
ང་ཚོས་ཉེ་འཁོར་གྱི་དཔེ་མཚོན་གསལ་བོ་ཞིག་གིས་ལག་ལེན་དང་ཐབས་ཕྱོགས་མངོན་འགྱུར་གྱི་གལ་ཆེན་རང་བཞིན་གྱི་བདེན་དཔང་འཚོལ་ཆོག དེང་རབས་སྤྱི་ཚོགས་ཁྲོད་དུ་རང་འགུལ་གྱི་ལས་ཁུངས་འཛུགས་པ་ནི་ཧ་ཅང་རྒྱུན་ལྡན་ཞིག་རེད། འོན་ཀྱང་དེང་རབས་ཀྱི་རང་འགུལ་ཐོན་ཆས་ཀྱིས་ཀུང་སི་ཕལ་བ་ཞིག་ལ་མཚོན་ན་ལས་ཆོད་ཁ་སྣོན་དང་། ཆུ་ཚོད་གྲོན་ཆུང་སོགས་ཀྱི་ནུས་པ་ཐོན། ཡིན་ན་ཡང་ནམ་རྒྱུན་ཕྲི་འོས་པའི་ཡིག་ཆའི་ལས་ཀ་དག་སྔར་བཞིན་ཁ་སྣོན་གཏོང་ཞིང་། མི་ཤུགས་འབོར་ཆེན་སྙིང་བོ་མེད་པར་འཕྲོ་བརླག་འགྲོ་བའི་རྣམ་པ་དེ་ད་དུང་ཡང་ལེགས་བསྒྱུར་བྱ་ཐུབ་མེད།
བཀོལ་སྤྱོད་ཆེ་བའི་རྩིས་འཕྲུལ་ཁ་སྣོན་གཏོང་བ་ནི་འོས་པ་ཞིག་རེད། ཡིན་ན་ཡང་འཆར་འགོད་དང་དཔེ་ཆ་སོགས་ཡོད་ཚད་དེ་ལས་ར་བ་ལས་འདའ་མི་ཐུབ་པ་ནི་རང་འགུལ་ལས་ཁུང་འཛུགས་པའི་དམིགས་ཡུལ་དང་རྩ་བ་བོར་བའི་ངན་རྟགས་རེད། འདི་ལྟ་བུའི་གནས་ཚུལ་འོག་ནས་ཕན་ཐོགས་ཡོད་པའི་འཆར་འགོད་དང་བེད་སྤྱོད་སོགས་གཏན་ནས་གསལ་བོར་རྟོགས་མི་ཐུབ། འདི་ལྟ་བུ་ལ་ཐབས་ཕྱོགས་ཀྱི་ལག་ལེན་ཡོད་མི་སྲིད་ཅིང་འདི་ནི་དངོས་ཤུགས་དང་མི་ཤུགས་གཉིས་པོ་སྙིང་བོ་མེད་པར་འཕྲོ་བརླག་ཏུ་བཏང་བ་ཙམ་ལས་མ་འདས།
ཡང་གཅིག་བཤད་ན། བྱ་བ་བརྗེ་བ་ནི་དེང་རབས་སྤྱི་ཚོགས་ཀྱི་ཆེས་ཆེ་བའི་འཕེལ་ཕྱོགས་ལྟ་བུ་ཞིག་ཏུ་གྱུར་འདུག འོན་ཀྱང་བྱ་བ་མ་བརྗེས་ཚེ་རྒྱ་ཆེ་བའི་མི་ཚེ་ཞིག་གསར་བསྐྲུན་བྱ་མི་ནུས་པ་ཡིན་ནམ། ང་ཚོས་ད་དུང་འདི་ལྟར་ལབ་ཆོག་སྟེ། བྱ་བ་བརྗེ་བ་དེ་རྒྱ་ཆེ་བའི་མི་ཚེ་དང་ཐབས་ཕྱོགས་མེད་པའི་ལེགས་འགྲུབ་ཅིག་འགན་ལེན་བྱེད་པ་རེད་དམ། དོན་ངོ་མ་བྱ་བ་བརྗེ་བ་ནི་ཅི་ཞིག་གི་ཆེད་དུ་རེད།
གསལ་བོ་གསལ་རྐྱང་གི་ཐབས་ཕྱོགས་ཤིག་མེད་ན་བྱ་བ་བརྗེས་ཀྱང་གྲུབ་འབྲས་གང་ཡང་ཡོད་མི་སྲིད། མི་ཚེའི་གོ་རིམ་ཁྲོད་དུ་མི་ཚེའི་ཐབས་ཕྱོགས་གཏན་ཁེལ་ནི་མི་ཚེ་ཁོ་ན་ཙམ་མིན་པར་ལག་ལེན་ཀྱི་གནས་མཐའ་དག་ལ་ཧ་ཅང་གལ་ཆེན་ཞིག་ཡིན། ཆོད་སེམས་བརྟན་པོས་ཚེའི་ཐབས་ཕྱོགས་ཀྱི་གོ་རྟོགས་སད་དེ་ལག་ལེན་ལ་གཏོད་པ་ནི། མི་ཚེའི་ལེགས་འགྲུབ་ཀྱི་གསང་བའི་སྒོ་ཆེན་ཉག་གཅིག་ཏུ་འཁུམས། མི་ཚེའི་ཐབས་ཕྱོགས་ཀྱིས་ཁྱོད་ལ་གསལ་དག་གི་མི་ཚེ་བསྐྲུན་ནུས། ནམ་ཡང་སེམས་ནས་མ་བོར་དང་། ཁོས་ཁྱོད་ལ་འོད་སྟོང་ལྡན་པའི་བགྲོད་ལམ་གསར་བ་ཞིག་སྟོན་ངེས།
《戴尔•卡耐基如是一生的突破》ཞེས་པའི་དེབ་ལས་བཏུས།