eDV智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网
ཆུང་ཆུང་བྱིས་པའི་རྨི་ལམ་གཉོམ་པོ་ཡུམ་ཆེན་ཕྱག་གི་ནམ་མཁར་འཁྲུངས།།
གྱ་ཙེ་གོམ་ཙེ་འགྲོ་འདུག་ཐོག་མ་ཡུམ་ཆེན་ཕྱག་གི་སྤང་ལས་འབུས།།
ངག་གི་ཚིག་འབྲུའི་ས་བོན་ཐོག་མ་ཡུམ་ཆེན་ཕྱག་གི་ཁུག་པར་བསླབ།།
ཡུམ་གྱི་ཕྱག་ཟུང་བུ་ཕྲུག་དག་གི་ལམ་སྣ་འདྲེན་པའི་སྐྱ་རེངས་ཉིད།།
འཁྱར་འཁྱོར་གོམ་པས་ལམ་ལ་ཞུགས་པ་ཨ་མའི་རྔུལ་ཆུའི་ཐིགས་པ་སྟེ།།
འཛུམ་ཆུང་གཉོམ་པོ་སེམས་སུ་ལུད་པ་ཨ་མའི་སེན་མགོའི་ཁྲག་ཐིགས་ཡིན།།
དགའ་མོས་སྤང་དུ་མེ་ཏོག་འཁྲུངས་པ་ཨ་མའི་སེན་གཏིང་རྣག་དང་འབྲེལ།།
ཨ་མ་སྔོག་ནས་འཛད་རྒྱུ་མེད་པའི་དགོས་འདོད་ནོར་གྱི་གཏེར་ཁ་ཡིན།།
ཨ་མའི་ཕྱག་ཟུང་གསེར་གྱི་ཐོམ་བུས་ང་ཚོར་བཏུང་བྱའི་གཙང་ཆུ་བཅུས།།
ཨ་མའི་ཕྱག་ཟུང་ཟངས་ཀྱི་སླ་ངར་ང་ཚོར་བཟའ་བྱ་གཡོས་སྦྱོར་བྱས།།
ཨ་མའི་ཕྱག་ཟུང་དངུལ་གྱི་ཐུར་མས་ང་ཚོར་ཁ་ཟས་འཛུམ་གྱིས་དྲངས།།
ཨ་མའི་ཕྱག་ཟུང་མེ་ལྕེ་དམར་པོ་ང་ཚོའི་ཆེད་དུ་ལྷབ་ལྷུབ་འབར།།
དུས་རབས་འགྱུར་ཀྱང་སེམས་གཤིས་གཙང་བ་འཇིག་རྟེན་འདི་ན་ཨ་མ་ཉིད།།
ལོ་ན་རྒས་ཀྱང་དུངས་ཞེན་གཞོན་པ་སྲིད་འདིར་ཨ་མ་གཅིག་པུར་སྣང་།།
མྱི་ཁའི་མེ་ཡིས་འཚིག་པ་མེད་པ་ཨ་མའི་དཔའ་སྤོབས་མཁྲེགས་པོ་སྟེ།།
ལ་རྒྱའི་བུ་ཡི་ཨ་མའི་ཕྱག་ཟུང་རྒྱང་ལ་འཐེན་པའི་དར་དཀར་ཡིན།།
རིགས་ཀྱི་འདུ་ཤེས་དུང་ལས་དཀར་བའི་རིགས་ཀྱི་བུ་ཆུང་རུས་པ་ཅན།།
རང་གི་ལམ་ལ་རང་ཉིད་སྤོས་ཏེ་རང་རིགས་གོ་ལའི་ཁྱོན་ལ་སྤུར།།
རང་སྐད་ལབ་པའི་དཔལ་དང་གཟི་ཡིས་ཆོལ་ཆུང་འགའ་ཡང་མཐའ་ཞོགས་རྒྱག།
སྒེར་གཤིས་མངའ་བའི་གླུ་སྐད་དེས་ནི་བོད་འབངས་ཕལ་ཆེར་གཉིད་ལས་དཀྲོགས།།
ཁྱོད་ནི་རྒྱལ་སྤྱིའི་གར་སྟེགས་སྟེང་ན་ཡུམ་སྐད་སྒྲོགས་པའི་གངས་ཀྱི་བུ།།
ཁྱོད་ནི་རྒྱལ་སྤྱིའི་གར་སྟེགས་སྟེང་ན་གདོང་བ་སྨུག་པོ་ཁོ་ན་ཡིན།།
ཁྱོད་ནི་རྒྱལ་སྤྱིའི་གར་སྟེགས་སྟེང་ན་བརྟན་ཞིང་བརླིང་པ་དེ་ཉིད་དོ།།
ཁྱོད་ནི་བོད་འབངས་ཁྲི་ཡི་སེམས་སུ་ལྷུབ་ལྷུབ་གཡོ་བའི་བ་དན་དཀར།།
སྐད་གདངས་མཐོ་བའི་ངག་གི་ཁུག་པས་རི་མཐོའི་དར་ལྕོག་ཡོམ་ཡོམ་གཡོས།།
སྲིད་ལ་རིང་བའི་དབྱངས་རྟ་དེ་ཡིས་མཚོ་ཆེན་ཉ་མོ་འུར་གྱིས་འདྲོགས།།
ཚིག་འབྲུ་སྣུམ་པོའི་བར་གསེང་དག་ཏུ་དྲིན་ཆེན་ཡུམ་གྱི་རྔུལ་ཆུ་འཛུམ།།
ཁྱོད་ནི་དུས་ཀྱི་མཁའ་ན་འཕྱོ་བའི་རླུང་རྟའི་དར་ཆ་དཀར་པོ་ཡིན།།
ཁྲི་ཆེན་ཁྲོམ་གྱི་གར་སྟེགས་སྟེང་ན་ཁྱོད་ནི་སྐར་མ་འོད་ཆེན་ཞིག།
ཆོལ་གསུམ་ཞིང་གི་བོད་མིའི་ངག་ན་ཁྱོད་ནི་ཡིག་དྲུག་ཟློས་བརྗོད་ཅིག།
དཔྱད་འདེམ་ཚངས་པའི་ཐིག་ཤིང་སྟེང་ན་ཁྱོད་ནི་སྒྱུ་རྩལ་བརྗིད་པོ་ཞིག།
ཡུལ་མིའི་སྤྱན་ཟུང་ཟླ་བའི་ངོས་སུ་ཁྱོད་ནི་བྱང་ཆུབ་རི་བོང་གཟུགས།།
བོད་སྐད་བོད་ཡིག་དབྱངས་ལ་དྲངས་ནས་རྒྱལ་སྤྱིའི་གར་སྟེགས་བརྒལ་མཁན་ཡོད།།
བོད་ཅེས་བྱ་བའི་མིང་གི་ཡིག་འབྲུ་གོ་ལའི་ཁྱོན་ལ་འབྲི་མཁན་ཁྱོད།།
ཨ་མའི་ཕྱག་ཟུང་གླུ་ཡིས་བཏེགས་ཏེ་ངག་གི་གཙང་པོའི་ས་སྒང་གཤག།
ཨ་མའི་བུ་ཁྱོད་ད་ནས་བཟུང་སྟེ་བོད་མིའི་འབྱུང་བཞིའི་གཙང་བོར་དྲངས།།
གྲངས་འབོར་ཅིག་གི་ཚད་ཀྱིས་འཇལ་ན་ཁྱོད་ནི་ལྕི་མོ་ལྕི་མོ་ཞིག།
སྒྱུ་རྩལ་ཅིག་གི་ངོས་ནས་གླེང་ན་ཁྱོད་ནི་མཐོན་པོ་མཐོན་པོ་ཞིག།
འདུ་ཤེས་ཤིག་གི་མཚོ་ལ་དཔྱངས་ན་ཁྱོད་ནི་མྱུར་མོ་མྱུར་མོ་ཞིག།
གཤིས་རྒྱུད་དུང་གི་རང་སྒྲ་གྲགས་ན་ཁྱོད་ནི་སྙན་མོ་སྙན་མོ་ཞིག།
རེ་བ་རི་བོའི་མཐོ་སར་འགྲེང་སྟེ་རྒྱང་གཟིགས་མིག་ཟུང་ཁྱོད་ལ་བགྲད།།
ཡིད་ཆེས་མཚོ་མོའི་གཏིང་སར་འཛུལ་ནས་བརྩེ་བའི་གསེར་ཉ་ཁྱོད་ལ་འཁྱུག།
དགའ་བསུའི་ཐལ་མོ་ཉི་ཟླའི་ཆ་ལང་དུས་དང་དུས་མིན་ཁྱོད་ལ་རྡེབ།།
ཁྱོད་ནི་བོད་ལྗོངས་ཉི་མའི་འོག་གི་གདོང་བ་སྨུག་པའི་བུ་རྒོད་ཅིག།
འབྱུང་འགྱུར་འཚོ་བའི་རབ་ཀྱི་ཁ་ནས་ཁྱོད་ནི་རླུང་ལས་རྒྱལ་བར་ཤོག།
མ་འོངས་རྒྱལ་སྤྱིའི་གར་སྟེགས་སྟེང་ནས་ཁྱོད་ནི་ཀུན་ལས་འཕགས་པར་ཤོག།
ཡུམ་ཆེན་ཕྱག་གི་ཡལ་གའི་སྟེང་ནས་ཁྱོད་ནི་མཁའ་ལ་འཕུར་བར་ཤོག།
ཕ་སྐད་མ་ཡིག་སྙིང་ལ་ཉར་བའི་ཁྱོད་ནི་དུས་ཀུན་གཞན་ལས་རྒྱལ།།
༢༠༡༧.༡༠.༢
བུ་རྒོད་པོ།
དཔལ་འབྱོར་ཚེ་རིང་།
བུ་རྒོད་པོ དོ་ནུབ
ཁྱེད་ཀྱིས་གངས་དཀར་རི་བོའི་དཔུང་ཁ་ན
གངས་སེང་དཀར་མོའི་གཡུ་རལ་ཐེངས་གཅིག
བུ་རྒོད་པོ དོ་ནུབ
ཁྱེད་ཀྱིས་རྫ་རི་སྨུག་པོའི་མཐོང་ཁ་ན
རྒྱ་སྟག་ངར་མོའི་ཐིག་ལེ་ཐེངས་གཅིག
བུ་རྒོད་པོ དོ་ནུབ
ཁྱེད་ཀྱིས་སྤང་རི་སྔོན་པོའི་འཇམ་ཁ་ན
མདོ་རིགས་རྟ་ཕོའི་བང་རྩལ་ཐེངས་གཅིག
བུ་རྒོད་པོ དོ་ནུབ
ཁྱེད་ཀྱིས་ནགས་རི་སྟུག་པོའི་རྫུབས་ཁ་ན
འབྲོག་གཡག་དར་མོའི་རྭ་རྩེད་ཐེངས་གཅིག
བུ་རྒོད་པོ དོ་ནུབ
ཁྱེད་ཀྱིས་ནམ་མཁའ་ཡངས་པོའི་རུམ་ཁ་ན
བྱ་རྒྱལ་རྒོད་པོའི་འཕུར་རྩལ་ཐེངས་གཅིག
བུ་རྒོད་པོ དོ་ནུབ
ཁྱེད་ཀྱིས་རྨ་ཆུ་སྔོན་མོའི་རབ་ཁ་ན
གསེར་མིག་ཉ་ཡི་རྐྱལ་རྩལ་ཐེངས་གཅིག
མདོར་ན
ཁྱེད་ལ་གཡུ་རལ་ཡོད
གངས་སེང་ཉིད
ཁྱེད་ལ་རང་གཤིས་ཡོད
གངས་རི་ཉིད
ཁྱེད་ལ་ཐིག་ལེ་ཡོད
རྒྱ་སྟག་ཉིད
ཁྱེད་ལ་འཕུར་རྩལ་ཡོད
རྒོད་པོ་ཉིད
ཁྱེད་ལ་སྐད་ངག་ཡོད
ཁུ་བྱུག་ཉིད
བུ་རྒོད་པོ དོ་ནུབ
ཡོད་ཚད་ཁྱེད་ཀྱི་ཡིན་ལ
ཁྱེད་ཀྱང་ཡོད་ཚད་ཀྱི་ཡིན
༢༠༡༧.༡༠.༩
“བྱ་ཚང”ནང་གི་ཁུ་བྱུག
བྱ་མདོ་མར་ལོ། ཟི་ལིང་།
ལོ་ངོ་དུ་མའི་རྗེས་སུ
གངས་དང་རྫ་ཡི་མུ་ཁྱུད་ཀྱི་ཏམ་བུ་ར་ལས
ཁྱོད་ཀྱི་གླུ་སྐད་མཆེད་སོང
གཞིས་ཀ་རྩེའི་ཉི་འོད་ཀྱི་དྲོད་འཇམ་འཁྱིལ་བའི
ཡར་ཀླུང་གཙང་བོའི་ཞི་འཇམ་གྱི་བཞུར་སྒྲ་གསལ་བའི
སྐད་ངག་གི་ལང་ཚོ་དེ ཟིལ་ཤུགས་དེ
རྡོ་ལྕགས་ཀྱི་ཡལ་གའི་གསེབ་ཀྱི
“བྱ་ཚང”ཆེན་པོ་ཞིག་ནས་ཁུ་བྱུག་ལྟར་གྲགས་སོང
བཅུ་པའི་ཚེས་བརྒྱད་ཀྱི་མཚན་མོར
པེ་ཅིང་གི་སྐར་མ་མཐའ་དག
ཁྱོད་ཀྱི་སྐད་ངག་གིས་རབ་ཏུ་བསྒྲོན་སོང
གཏམ་རྒྱུད་ཀྱི་ལྷུ་ལག་དག
ཁྱོད་ཀྱི་སྟངས་སྟབས་ལས་ལྷབ་ལྷུབ་གཡོ
མི་ལོ་དུ་མའི་རྗེས་སུ།
གངས་ཐང་གི་མི་རྣམས་ཀྱིས
རལ་བ་ཅན་གྱི་མི་ཕོ་རྫིག་པོ་ཞིག་གི་སྣང་བརྙན
པེ་ཅིང་གི་རླུང་བུའི་ཁྲོད་སྟོབས་ཀྱིས་འགྱིང་བ་མཐོང་སྲིད
༢༠༡༨ ༡༠ ༨མཚན་གུང་གྱི་ཐང་མཁར་ནས་བྲིས།
སྒྱུ་རྩལ་གྱི་དད་སེམས་ཀློང་ནས་གླུ་སྐད་ཅིག་འབུས།
འཇམ་ཡི་དམ་རྒྱལ།༼མཚོ་ལྷོ༽
བཀྲ་ཕུན། མདང་ནུབ།
དབྱངས་ཀྱི་ང་རོ་ཞིག་གངས་རིའི་ལྗོངས་སུ་བཞད་སོང་།
བོད་མིའི་སེམས་ལྗོངས་སུ་གླུ་སྐད་དེ་ཇི་འདྲའི་མཛེས།
ལྷད་མེད་ཀྱི་གླུ་སྐད་དག་མོ།
ཕ་ཡིག་ཕ་སྐད་ཀྱི་ལམ་ནས་དྲངས།
བཀྲ་ཕུན། མདང་ནུབ།
ཕ་གཞིས་གངས་ཀྱི་ར་བ་ནས།
གསེར་གྱི་གདངས་དབྱངས་དྭངས་མོ་ཞིག་རྒྱལ་སོང་།
ཕ་ཡིག་ཕ་སྐད་ཀྱི་ལམ་ནས་རྒྱལ་སོང་།
ད་ལོར་ཁ་བའི་ལྗོངས་སུ།
སྒྱུ་རྩལ་གྱི་དད་སེམས་ཀློང་ནས་བཀྲ་ཕུན་གྱི་གླུ་སྐད་རྒྱལ།
2017.10.8མཚན་མོ་ཤར་མར་བྲིས་པ།
eDV智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网