༄༅།།ཆ་འཕྲིན་ལག་རྩལ།
ཡུལ་ཤུལ་གྲོང་ཁྱེར་མི་རིག་སློབ་འབྲིང་གཉིས་པ། ཚེ་བརྟན་དབང་མོ།
AIརིག་ནུས་དང་ཆ་འཕྲིན་ལག་རྩལ་གྱིས་བོད་མི་རིགས་ཀྱི་རིག་གནས་དང་འཚོ་བ་ལ་ཕན་ནུས་གང་དག་བསྐྲུན་ཡོད།
ཆ་འཕྲིན་ལག་རྩལ་གྱིས་བོད་ཡིག་དང་བོད་ཡུལ་གྱི་འཚོ་བ་ལ་སྔོན་ལས་ལྷག་པར་མཛེས་སྡུག་ལྡན་པ་སྐྲུན་དང་སྐྲུན་བཞིན་ཡོད། ད་ལྟ་ནི་རྒྱལ་ཕྱིར་ནང་དང་མི་རིགས་སོ་སོའི་ཚན་རྩལ་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་དུས་རབས་ཤིག་ཡིན་པ་དང་། མིས་བཟོས་རིག་ནུས་དང་ཆ་འཕྲིན་ལག་རྩལ་དེ་ང་ཚོ་བོད་རིགས་ཀྱི་འཚོ་བའི་ནང་ས་ཁྱབ་རྡོ་ཁྱབ་ལ་གྱུར་ནས་བོད་ཡིག་རྒྱུན་འཛིན་དང་ས་མཐོའི་མི་དམངས་ཀྱི་འཚོ་བར་ཕན་པ་མང་པོ་ཐོབ་པ་དང་གནའ་བོའི་བོད་རིགས་རིག་གནས་ལ་གཟི་བརྗིད་གསར་པ་འཕྲོ་བཞིན་ཡོད། སྔོན་ཆད་བོད་ཡིག་སློབ་སྦྱོང་དང་བོད་ཀྱི་རིག་གནས་ཁྱབ་སྤེལ་བྱེད་པར་སྟབས་བདེ་མེད་པ་རེད། བོད་ཡིག་གི་དཔེ་དེབ་གྲངས་མང་དང་གནའ་གཞུང་རྩ་ཆེན་མང་པོ་ཞིག་ཆག་སྐྱོན་དང་བོར་བརླག་འགྲོ་སླ་བ་རེད། ད་ལྟ་ཆ་འཕྲིན་ལག་རྩལ་དང་AIརིག་ནུས་ཡོད་པས་ཚང་མ་སྟབས་བདེ་རུ་ཕྱིན་ཡོད། མི་རྣམས་ཀྱིས་ལག་ཐོགས་ཁ་པར་དང་རྩིས་འཁོར་ཐོག་ནས་བོད་ཡིག་ནང་འཇུག་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་བོད་ཡིག་གི་དཔྱད་གཞིའི་ཡིག་རིགས་ཀློག་ཐུབ། AIཡིས་ད་དུང་གནའ་བོའི་བོད་ཡིག་གི་གནའ་གཞུང་ངོས་འཛིན་དང་ཉམས་གསོ་བྱས་ཏེ་ལོ་ངོ་སྟོང་གི་ཆོས་དང་བསྟན་བཅོས་དྲ་རྒྱའི་ནང་ཉར་ཚགས་བྱས་པས་ནམ་ཡང་གཏོར་སྐྱོན་མི་ཕོག་པ་བྱེད་ཐུབ། རིག་ནུས་ཡིག་སྒྱུར་མཉེན་ཆས་ཀྱིས་བོད་སྐད་རྒྱ་ཡིག་ཏུ་བསྒྱུར་ཐུབ་ལ་རྒྱ་སྐད་ཀྱང་བོད་སྐད་དུ་བསྒྱུར་ཐུབ་པས་ང་ཚོས་སྐད་གཉིས་སྟབས་བདེའི་ངང་སློབ་སྦྱོང་ཐུབ་པ་མ་ཟད། ཡུལ་གཞན་གྱི་མིས་དེ་བས་བོད་ཡིག་ཤེས་རྟོགས་དང་བོད་ཀྱི་རིག་གནས་ཤེས་རྟོགས་ཐུབ་ཀྱི་ཡོད། ཆ་འཕྲིན་ལག་རྩལ་གྱིས་བོད་ཡིག་སྲུང་སྐྱོང་བྱས་པ་མ་ཟད། ད་དུང་བོད་ཀྱི་རིག་གནས་སྔར་ལས་རྒྱང་རིང་དུ་ཁྱབ་སྤེལ་གཏོང་ཐུབ་ཡོད། སྔོན་ཆད་བོད་ཀྱི་ཟློས་གར་དང་། བོད་རིགས་ཀྱི་གླུ་གཞས། སྲོལ་རྒྱུན་གྱི་གཏམ་རྒྱུད་བཅས་ས་གནས་ག་གེ་མོར་འཁྲབ་སྟོན་དང་ཁ་ནས་བརྒྱུད་སྤྲོད་བྱ་རྒྱུ་ལས་ཐབས་གཞན་མེད། ད་ལྟ་ཡིན་ན་ཚང་མས་བརྙན་ཐུང་དང་དྲ་རྒྱའི་ཐོག་ནས་ཐད་གཏོང་བྱས་ཏེ་བོད་རིགས་ཀྱི་གླུ་གར་དང་། སྲོལ་རྒྱུན་དུས་ཆེན། དམངས་སྲོལ། ཡུལ་སྲོལ་གོམས་གཤིས་བཅས་འགྲེམས་སྟོན་བྱེད་ཆོག བོད་ཡིག་གི་གླུ་གཞས་དང་བོད་ཡིག་གི་གཏམ་རྒྱུད་ཐུང་ངུ་དྲ་ཐོག་ཏུ་བརྒྱུད་བསྒྲགས་བྱས་པས་རྒྱལ་ཡོངས་ས་གནས་ཁག་གི་མི་རྣམས་ཀྱིས་ང་ཚོའི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ལ་མྱོང་རོལ་ཐུབ་པ་དང་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་མི་མང་པོས་དགའ་བ་སྐྱེད་པ་དང་བརྩི་འཇོག་བྱེད་ཀྱི་ཡོད། ང་ཚོ་བོད་རིགས་འཚོ་བའི་ནང་ཚན་རྩལ་ལས་བྱུང་བའི་སྟབས་བདེ་དེ་བས་གང་སར་ཁྱབ་པ་དང་ལོངས་སུ་སྤྱོད་བཞིན་ཡོད། ཐག་རིང་ལུང་ཁུག་གི་ས་མཐོའི་འབྲོག་ཁུལ་དུ་འགྲིམ་འགྲུལ་སྟབས་བདེ་མེད་པས་དེ་སྔ་སློབ་གྲྭར་འགྲོ་བ་དང་། སྨན་བཅོས་བྱེད་པ། དངོས་ཟོག་ཉོ་བ་བཅས་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ད་ལྟ་དྲ་རྒྱ་ཡོད་པས་ང་ཚོས་དྲ་ཐོག་སློབ་ཚན་ལ་ཞུགས་ནས་དགེ་རྒན་དང་མཉམ་དུ་བོད་རྒྱ་སྐད་གཉིས་ཀྱི་ཤེས་བྱ་སྦྱོང་ཐུབ་པ་མ་ཟད། འབྲོག་ཁུལ་གྱི་ཕྲུ་གུ་ཚོས་ཀྱང་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད། རྒྱང་ཁྲིད་སྨན་བཅོས་བྱས་པ་དེས་འབྲོག་པས་ཐག་རིང་ལ་འགྲོ་མི་དགོས་པར་ཁྱིམ་གྱི་སྒོ་ཁ་ནས་སྨན་པར་བློ་འདྲི་དང་གཟུགས་པོར་བརྟག་དཔྱད་བྱས་ཏེ་རང་ཉིད་དང་ཁྱིམ་མིའི་བདེ་ཐང་སྲུང་སྐྱོང་བྱེད་ཐུབ་ཀྱི་ཡོད་པ་རེད། དུས་མཚུངས་སུ་ཆ་འཕྲིན་ལག་རྩལ་གྱིས་ཀྱང་བོད་རིགས་མི་དམངས་ཀྱི་འཚོ་བ་ཇེ་ལེགས་དང་ཡོང་འབབ་འཕར་བར་རོགས་རམ་བྱས་ཡོད། བོད་རིགས་ཀྱི་གནག་ཤ་དང་། མར་ཆུར། འོ་མ་སོགས་ཁྱད་ལྡན་ཐོན་རྫས་གློག་རྡུལ་ཚོང་དོན་སྟེགས་བུ་དང་ཐད་གཏོང་བརྒྱུད་རྒྱལ་ཡོངས་ས་གནས་ཁག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད། འབྲོག་པ་ཚོས་རང་ཉིད་ཀྱི་ཁྱད་ཐོན་ལ་བརྟེན་ནས་ལས་ལ་བརྩོན་ཏེ་ཕྱུག་འགྱུར་བྱས་པས་འཚོ་བ་སྔར་བས་བདེ་སྐྱིད་ལྡན་ཡོད། རིག་ནུས་གནམ་གཤིས་དང་རིག་ནུས་ཕྱུགས་འཚོ་སྒྲིག་ཆས་ཀྱིས་ཀྱང་འབྲོག་ཁུལ་མི་དམངས་ཀྱིས་རྩྭ་ར་སྲུང་སྐྱོང་དེ་བས་ལེགས་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་འཚོ་བར་རོགས་རམ་བྱས་ཏེ་མཛེས་སྡུག་ལྡན་པའི་ས་མཐོའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་ཀྱི་ཡོད། AIདང་ཆ་འཕྲིན་ལག་རྩལ་ནི་དུས་རབས་གསར་པའི་མ་ཤེས་ཐབས་མེད་ཀྱི་རིག་ནུས་ལག་རྩལ་ཞིག་ཡིན། དེས་གནའ་བོའི་བོད་ཡིག་རིག་གནས་སྲུང་སྐྱོང་བྱེད་པ་དང་མི་རིགས་ཀྱི་རྩ་བ་དང་བླ་སྲོག་རྒྱུན་འཛིན་བྱེད་པ་མ་ཟད། ས་མཐོའི་མི་དམངས་ཀྱི་འཚོ་བར་ཡང་འགྱུར་ལྡོག་གཏོང་བཞིན་ཡོད། བོད་རིགས་ལོ་ཆུང་ཞིག་ཡིན་པའི་ངོས་ནས་ངས་ཚན་རྩལ་ལས་བྱུང་བའི་མཛེས་སྡུག་ཚོར་ཐུབ་ཀྱི་ཡོད་ལ་ངས་ཤེས་བྱ་དང་ཚན་རྩལ་གྱི་འཇོན་ཐང་སློབ་སྦྱོང་ཧུར་ཐག་བྱས་ཏེ་མི་མཐུད་ལག་རྩལ་གསར་པར་བརྟེན་ནས། མི་རིགས་མཐུན་སྒྲིལ་གཅེས་སྤྲས་དང་། འཆམ་མཐུན་གཞིས་ཁྱིམ་མཉམ་སྐྲུན་གྱི་སྲིད་ཇུས་བཟང་པོའི་འོག་ནས་བོད་ཡིག་སྲུང་སྐྱོང་དང་བོད་ཀྱི་རིག་གནས་རྒྱུན་འཛིན་བྱས་ཏེ་ང་ཚོའི་བོད་ཡུལ་འདི་ཚན་རྩལ་གྱི་རོགས་རམ་ལས་སྔར་བས་མཛེས་སྡུག་ལྡན་པ་དང་དར་རྒྱས་ཡོང་བར་བྱ་རྒྱུའི་རྦད་སེམས་ནི་ང་ཚོ་གངས་གཞོན་རྣམས་ཀྱི་སེམས་སུ་བཅིངས་ཡོད།