ངའི་སློབ་གྲྭ། ཁོ་བོའི་ཕུགས་བསམ་གྱི་མེ་ཏོག་བཞད་སའི་ཞིང་ས་ཡིན།གནས་དེ་རུ་ཕ་མ་ལྟ་བུའི་བྱམས་ལྡན་གྱི་དགེ་རྒན་ཡོད། ཁོང་རྣམ་པ་ཚོས་རྟག་ཏུ་ང་ཚོའི་བློ་ངོར་ཤེས་བྱའི་འོད་སྣང་འགྲེམ་བཞིན་ཡོད།
ངའི་སློབ་གྲྭ། དེ་རུ་མཛའ་བརྩེ་དང་མཐུན་སྒྲིལ་གྱི་དཔུང་རྡང་སྦྲེལ་བའི་བརྩོན་ལྡན་གྱི་སློབ་གྲོགས་ཡོད།ཁོ་ཚོས་བདག་ལ་རོགས་རམ་དང་བྱམས་བརྩེ་ཡི་དྲོད་ཁོལ་སྟེར་བཞིན་ཡོད།
ངའི་སློབ་གྲྭ་ནི་ངའི་ཨ་མ་དང་མཚུངས།ང་རང་མོའི་བྱམས་བརྩེ་དང་དྲོད་ཁོལ་ལས་འཚར་ལོངས་འབྱུང་བཞིན་ཡོད།ངའི་སློབ་གྲྭ་ནི་ངའི་དྲོད་སྐྱིད་ལྡན་པའི་རྩེད་ར་ནང་བཞིན་ང་རང་དེའི་སྤྲོ་སྣང་དང་རོལ་རྩེད་ལ་རོལ་བཞིན་ཡོད།
ངའི་སློབ་གྲྭས་ང་ལ་མ་གཅིག་གི་བྱང་ཁོག་བརྒྱུད་འདྲའི་གྲོགས་པོ་མང་བོ་ཞིག་ངོ་སྤྲོད་བྱས་ཤིང་།ངའི་སློབ་གྲྭས་ང་ལ་བརྩེ་ལྡན་ཨ་མ་ལྟ་བུའི་བྱམས་བརྩེ་ཡིས་ཡང་ཡང་བསྐྱངས། དེ་བས། ངའི་བློ་ལ་ཉི་མ་ལྟ་བུའི་ཤེས་རབ་རྒྱས་ཤིང་།ངའི་ངག་ལ་ལེགས་བཤད་ཀྱི་རོལ་དབྱངས་འཛོམས།ངའི་སློབ་གྲྭས་ང་ལ་དུས་རབས་ཀྱི་འབོད་སྐུལ་ཁྱེར་འོངས་པ་དང་། ངའི་སློབ་གྲྭས་ང་ལ་རྨོངས་མུན་སེལ་བའི་སྒྲོན་མེ་གནང་།
ངའི་སློབ་གྲྭ། ང་ལྟ་བུའི་སློབ་མ་བགྲང་ལས་འདས་པ་ཞིག་གི་བརྩེ་ལྡན་གྱི་ཨ་མ་སྟེ། བྱམས་བརྩེའི་ཐུགས་དང་སྤྲོ་བའི་འཛུམ་དཀར་གྱིས་ཤེས་རིག་གི་སྦྲང་ཆར་ང་ཚོའི་སྐྱེད་ཚལ་དུ་གཏོར་བས། ང་ཚོའི་བསམ་བློ་བག་འཁུམ་གྱི་སྦུབས་རྒྱ་ལས་གྲོལ་བར་བྱས་པས། ང་ཚོས་དྲིན་ཆེན་ཨ་མའི་རེ་བ་སྙིང་ལ་བཅངས་ནས་དུས་རབས་དང་བསྡོངས་ཏེ་བགྲོད་སྲིད།
ངའི་སློབ་གྲྭས་ང་ལ་ཚེ་སྲོག་དང་མདུན་ལམ་གནང་ལ། འོད་སྣང་དང་བདེ་སྐྱིད་ཀྱང་གནང་བྱུང་བས།ང་ནི་ནམ་ཡང་རང་གི་བྱམས་ལྡན་མ་ལོ་འདིའི་ཕྱག་ཟུང་ལ་འཇུས་ནས་མུ་མཐུད་དུ་མདུན་སྐྱོད་བྱེད་པར་མོས།
ཆུང་འབྲིང་སློབ་མའི་འགྲན་རྩོམ་གཅེས་བསྡུས་ཞེས་པ་ལས་བཏུས།