ཉལ་འགྲོ་བུ་མོ་ལགས།སྤང་ཐང་དང་སྦྲ་མཐའ་ན་བརྒྱུད་པའི་གླུ་མ་ཁེར་འགྲོ་མ།ཁྱེད་ཀྱི་མགོ་ཁུངས་གངས་ལ་གཏད་ཅིང་།ཁྱེད་ཀྱི་ཕུགས་བསམ་ནི་རྒྱ་མཚོ་དང་སྦྲེལ།
ཉལ་འགྲོ་བུ་མོ་ལགས།ཁྱེད་ཀྱིས་དུས་བཞིའི་འཁོར་འགྲོས་ཁྲོད་སྐྱེ་དངོས་ཡོད་ཚད་ལ་མཛེས་སྡུག་དང་འགའ་བདེ་སྐྲུན་གྱིན་ཡོད་དེ།དཔྱིད་དཔལ་བུ་མོ་དལ་གྱིས་ཕེབས་དུས།ཁྱེད་ཀྱི་ཟེགས་མ་དཀར་བོ་དགུང་དུ་འཕྱོ་བཞིན་སྐོམ་གདུང་གིས་མནར་བའི་སྐྱེ་དངོས་རྣམས་ལ་བཏུང་བྱའི་བདུད་རྩི་སྦྱིན་ལ།འཇིག་རྟེན་ཧྲིལ་བོར་ལྗང་མདོག་གི་གསོན་ཤུགས་བསྩལ།དབྱར་གྱི་སྒེག་མོ་ངང་གིས་ཕེབས་དུས།ཁྱེད་ཀྱིས་འཇིག་རྟེན་ལ་ཕུན་སུམ་ཚོགས་པའི་ཁ་དོག་བསྒོས་ཤིང་།རེ་བཞག་སྟོང་ཕྲག་གི་མེ་ཏོག་བཞད་དུ་བཅུག འབྲས་ལྡན་སྟོན་གྱི་དུས་བཟང་རིམ་གྱིས་ཕེབས་དུས།ཁྱེད་ཀྱིས་འཇིག་རྟེན་ལ་ལོ་ལེགས་གནང་ཞིང་སྐྱེ་འགྲོ་ཀུན་གྱི་བསམ་དོན་འགྲུབ་ཏུ་བཅུག དགུན་གསུམ་ཁ་བ་འབབ་དུས་ཁྱེད་ཀྱིས་སླར་ཡང་འཇིག་རྟེན་ལ་རེ་བ་སྦྲུམ་དུ་བཅུག
ཀྱེ།ཉལ་འགྲོ་བུ་མོ་ལགས།ཁྱེད་ནི་ཡོད་ཚད་ཀྱི་རྟེན་གཞིར་གྲུབ་པས།ཁྱེད་མེད་ན་འཇིག་རྟེན་ལ་ཁ་དོག་མེད་ལ།ཁྱེད་མེད་ན་འཇིག་རྟེན་ལ་ལང་ཚོ་བྲལ།ཁྱེད་མེད་ན་མི་དང་སྲོག་ཆགས།རྩི་ཤིང་མཐའ་དག་ལ་མཛེས་སྡུག་དང་བདེ་སྐྱིད།ཚེ་སྲོག་བཅས་ཀྱི་བཀྲག་མདངས་དབེན།
ཉལ་འགྲོ་བུ་མོ་ལགས།སྔོན་ཆད་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་བསམ་མ་ཤེས་པར་གང་འདོད་དུ་ནགས་ཚལ་བཅད་ཅིང་སྤང་ཤུན་བཀོག་པ།གཏེར་ཁ་བཏོན་པ་སོགས་ནི་གླེན་རྟགས་ཡིན་ལ།ཁྱེད་ནི་གད་སྙིགས་འཕོ་ས་དང་རྫོབ་ཆུ་འབྱོ་ཡུལ་བྱས་པ་ནི་དེ་བས་ཀྱང་གླེན་རྟགས་ཤིག་ཡིན་པས།ཁྱེད་ཀྱིས་བཟོད་གསོལ་གནང་རོགས།ང་ཚོར་ཁྱེད་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིན་པའི་ངེས་ཤེས་སྐྱེས་དང་སྐྱེ་བཞིན་ཡོད་ལ།ཁྱེད་རང་ཡ་ཐོད་ཀྱི་མིག་དང་ཡ་ཆུང་གི་སེམས་ཇི་བཞིན་སྲུང་སྐྱོབ་བྱེད་ངེས་ཡིན་ནོ།།
ཆུང་འབྲིང་སློབ་མའི་འགྲན་རྩོམ་གཅེས་བསྡུས་ཞེས་པ་ལས་བཏུས།