གནའ་སྔ་མོ་ཞིག་ནས།རང་བྱུང་ཁམས་ཀྱི་ཕང་བར་གནས་པའི་རྨ་འབྲི་རྫ་གསུམ་གྱི་རྒྱུན་བཟང་གིས་མིའི་རིགས་ཀྱི་སྐོམ་གདུང་སེལ་ཞིང་།རྩི་ཤིང་དང་སྐྱེ་དངོས་ཀྱི་འདབ་བརྒྱ་གྲོལ་ཏེ་མིའི་རིགས་ལ་གཏན་སྡོད་ཀྱི་གནས་མལ་བསྐྲུན་པས།མི་དང་རང་བྱུང་ཁམས་ཀྱི་བར་ལ་འབྲལ་དཀའ་བའི་ལོ་རྒྱུས་ཀྱི་གསེར་ཟམ་བཙུགས་ཤིང་།བརྗོད་དཀའ་བའི་བརྩེ་སེམས་ཀྱི་དབུ་ཁྱུད་བྲིས།
ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག་པའི་དུས་འདིར།རང་བྱུང་ཁམས་ཆེན་མོ་ནི།རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་ས་དང་གྲོ་ནས་སྲན་གསུམ་གྱི་མགོ་ལྕོག་ལྡེམ་ས་ཡིན་ལ།སྟག་གཟིག་དོམ་དྲེད་ཀྱི་ཕ་ས་དང་ཤྭ་རྐྱང་དགོ་གསུམ་གྱི་གནས་མལ་འཆའ་སའང་ཡིན།ཁ་བ་བབས་ཀྱང་ཆོག་ལ།རླུང་འཚུབ་ལྡང་ཀྱང་ཆོག རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་འགྱུར་བ་མེད་པས།རང་བྱུང་ཁམས་ཆེན་མོས་མིའིི་རིགས་ཀྱི་འཚོ་གཞིས་ལ་འོད་སྣང་དྲངས།མིའི་རིགས་ཀྱིས་གདོད་མ་ནས་རང་བྱུང་ཁམས་ལ་སྤྲོ་དགའི་གླུ་གཞས་བླངས་མྱོང་ལ་སྐྱིད་པའི་བྲོ་གར་ཡང་འཁྲབ་མྱོང་།
ཡིན་ན་ཡང་།ལོ་ཟླའི་ཕྲེང་རིམ་གྱི་དཀྱོགས་མཚམས་ནས།ནམ་ཟླའི་འགྱུར་ལྡོག་གི་ཆོས་ཉིད་ལྟར།རང་བྱུང་ཁམས་ཀྱི་ལང་ཚོ་ལའང་ཡ་ང་བའི་ཆག་སྒོ་གང་མང་བྱུང་ཞིང་།རྒྱུ་འབྲས་བསླུ་མེད་ཀྱིི་གཉེར་རིས་མང་བོ་ཡང་བབས་མྱོང་།ད་ལྟ་སྟོད་ཀྱི་གནས་རིས་སྐྱོ་བའི་མཆི་མ་འབྱིན་ཅིང་།སྨད་ཀྱི་མཚོ་མོས་སྡུག་གི་འོ་དོད་གྱེར་བཞིན་ཡོད།
ཀྱེ་ཀྱེ།འགྲོ་བ་མིའི་རིགས་ལགས།ཁྱེད་ལ་གསར་བཏོད་ཀྱི་སྤོབས་པ་དང་བླང་དོར་གྱི་བློ་གྲོས་མངའ་བ་བདེན་ན།ཁྱོད་ཀྱིས་ཅིའི་ཕྱིར་རང་བྱུང་མ་མའི་ལང་ཚོར་འཇབ་རྒོལ་བྱས་པ་ཡིན།
ཀྱེ་ཀྱེ།ས་གཞི་ཆེན་པོ་ལགས།ཁྱེད་ཀྱིས་མགོ་བོ་ཡར་དགྱེ་དང་།དགུང་ཉི་ཟླར་འཆར་ནུབ་ཀྱི་ཆོས་ཉིད་ཡོད་ན།ཁྱེད་ལའང་སླར་གསོན་གྱི་གོ་སྐབས་ཤིག་ཅིས་ཀྱང་ཡོད་ངེས་ཡིན།བརྩེ་སེམས་ལ་དྲོད་ཁོལ་འབར་བའི་མི་རབས་གསར་བ་ཞིག་ད་ལྟ་ང་ཚོའི་མིག་མདུན་ན་དཔུང་རྡང་སྦྲེལ་ཏེ་འཚར་ལོངས་འབྱུང་བཞིན་ཡོད་ལ།དེ་དག་གི་ཤེས་བརྩོན་ལ་བརྟེན་ནས་སྡོང་འཛུགས་ནགས་སྐྲུན་གྱི་ལས་དོན་རླབས་ཆེན་ཞིག་ཀྱང་དུས་རབས་འདིའི་རྒྱན་དུ་འཆར་བཞིན་ཡོད།
ཆུང་འབྲིང་སློབ་མའི་འགྲན་རྩོམ་གཅེས་བསྡུས་ཞེས་པ་ལས་བཏུས།