གངས་ཆབ་སྔོན་མོ་ལགས།ཁྱེད་ཀྱིས་མཛེས་སྡུག་གི་ལང་ཚོ་ངོམ་བཞིན་ལྷད་མེད་ཀྱི་ལྷག་བསམ་དང་བསྡོངས་ཏེ་སྐྱེ་དངོས་ཁྲི་ཕྲག་ལ་ཚེ་སྲོག་སྐྲུན།ཁྱེད་རང་ཡོད་པས་མེ་ཏོག་སྣ་ཚོགས་ཀྱི་མཛེས་སྡུག་མཐོང་ཐུབ་ལ།བྱ་བྱིའུ་མང་བོའི་སྐད་སྙན་ཡང་ཐོས་ཐུབ།དེ་བས་ཁྱེད་ནི་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་བདུད་རྩིའི་རྒྱུན་བཟང་ཡིན།ཁྱེད་ཀྱི་ཟེགས་མ་རེ་རེ་ལའང་ལྷག་བསམ་དཀར་བོའི་རང་མདངས་མངོན་འདུག
གངས་ཆབ་སྔོན་མོ་ལགས།ཁྱེད་ཀྱིས་ལང་ཚོ་གཞན་དོན་དུ་གནང་ཞིང་།ཁྱེད་ཀྱི་རྒྱུན་བཟང་སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་བབས།ཁྱེད་ནི་ཕྱི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་ཀུན་གྱི་གསོས་སྨན་ཡིན།གལ་ཏེ་ཁྱེད་མེད་ན་འཇིག་རྟེན་ཧྲིལ་བོ་མྱ་ངན་ཐང་དུ་འགྱུར་ལ།སྐྱེ་དངོས་སྲོག་ཆགས་ཐམས་ཅད་ཀྱང་མི་མངོན་པའི་དབྱིངས་སུ་ཡལ་ངེས།
རེད་ཡ།གངས་ཆབ་སྔོན་མོ་ལགས།བདག་གིས་ད་གཟོད་ཁྱེད་ཀྱི་དགེ་མཚན་ཤེས་ཤིང་།ཁྱེད་ནི་ཉིན་མཚན་མེད་པར་གཞན་དོན་དུ་རྒྱུ་ཞིང་།གཞན་དོན་གྱི་ཆེད་དུ་རང་ལུས་ཕངས་མེད་དུ་སྦྱིན་པའི་སེམས་དཔའ་དེ་རེད།ཁྱེད་ཀྱི་བཀའ་དྲིན་ནི་སུས་ཀྱང་གཞལ་ཐབས་བྲལ།ང་ཚོ་སྟེ་མི་སུ་ཡིན་རུང་ཁྱེད་ལ་སྲུང་སྐྱོབ་བྱེད་པ་ནི་རང་ཉིད་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་དང་ཁྱད་པར་མེད་དོ།།
ཆུང་འབྲིང་སློབ་མའི་འགྲན་རྩོམ་གཅེས་བསྡུས་ཞེས་པ་ལས་བཏུས།