༢༠༢༡ལོའི་ཟླ༥ཚེས༤ཉིན་ནི་ངས་ནམ་ཡང་བརྗེད་ཐབས་བྲལ་བའི་ཉིན་མོ་ཞིག་ཡིན། ཉིན་མོ་དེར་གནམ་གཤིས་དྲོ་ཞིང་འཇམ་ལ་ཉེ་འོད་སེར་ལམ་ལམ་དུ་འཕྲོ། ངས་དགའ་སྤྲོའི་ངང་གྱོན་གོས་གསར་པ་དེ་གྱོན་ནས་སློབ་ཁང་གི་ཕྱོགས་སུ་རྒྱུག་ཕྱིན།
བཀྲ་ཤིས་པའི་ཉིན་མོ་དེར། སློབ་གྲོགས་ཚང་མས་གྱོན་གོས་གསར་པ་རེ་གྱོན་འདུག་ཅིང་། གཅིག་གི་གཅིག་ལ་ཅེ་རེར་ལྟ་བཞིན་འདུག དེ་མུར་རྒན་ལགས་ཀྱང་ཕེབས་བྱུང་། ཁོང་གིས་ཕྱི་ལུགས་གྱོན་ཆས་སྔོ་ནག་ཅིག་དང་། ཞབས་འཇུར་ནག་པོ་ཞིག་བཞེས་འདུག ཞབས་འཇུར་དེ་གཙང་མར་ཕྱིས་ཡོད་པས་འོད་ལྷམ་ལྷམ་དུ་འཚེར། སྐུ་སྟོབས་ཆེ་ཞིང་བརྗིད་ཉམས་ལྡན། རྒན་ལགས་ཀྱིས་ང་ཚོར་དེ་རིང་གི་ལྔ་བཞིའི་ལས་ཀ་བཀོད་སྒྲིག་གནང་། ཁོང་གི་གསུང་དོན་སང་ཚོ་སྔ་དྲོ་རིག་རྩལ་འཁྲབ་སྟོན་ནང་བཞུགས་པ་དང་། ཕྱི་དྲོ་རང་རང་གི་སློབ་ཁང་དུ་འཛོམས་རྒྱུ་རེད་ཅེས་གསུངས་བྱུང་། སྔ་དྲོའི་རིག་རྩལ་འཁྲད་སྟོན་གྱི་བྱེད་སྒོ་དེ་ཡུད་ཙམ་ཞིག་ལ་འདས་སོང་། ང་ཚོ་སློབ་མ་ཚོས་ཉིན་དགུང་གི་ཟ་མ་ཟས་རྗེས།ཤར་རེར་སློབ་ཁང་ནང་དུ་འཛུལ། རྒན་ལགས་སྔ་ས་ནས་དེ་གར་སྒུག་ནས་བསྡད་འདུག རྒན་ལགས་ཀྱིས་རང་གི་དངུལ་ཁུག་ནས་སྒོར་མོ་ཆིག་སྟོང་བཏོན་ནས། འཛིན་གྲྭའི་པན་ཀྲང་དང་སློབ་སྦྱོང་ཨུ་ཡོན་འབོད་དེ། ཕྱི་ལོག་གི་ཚོང་ཁང་ནས་བཟའ་རྒྱུ་དང་བཏུང་རྒྱུ་ཉོ་བར་མངགས། སློབ་མ་གཞན་རྣམས་སྒྲོག་ཙེ་གྲལ་བསྒྲིགས་སུ་བཅུག ཆུ་ཚོད་ཕྱེད་ཀ་ཙམ་འདས་རྗེས། འཛིན་གྲྭའི་པན་ཀྲང་དང་སློབ་སྦྱོང་ཨུ་ཡོན་གྱིས་བཟའ་རྒྱུ་དང་བཏུང་རཆྱུ་རྒྱ་ནོམ་པ་ཞིག་འཁྱེར་ནས་སླེབས་བྱུང་། རྒན་ལགས་ཀྱིས་ང་ཚོར་མར་སྡོད་དགོས་པའི་བཀའ་གནང་།“ དེ་རིང་ནི་ཁྱེད་ཚོའི་དུས་ཆེན་ཡིན་པས་གང་དགའ་གང་སྐྱིད་བྱེད་དགོས། གཞས་འཁྲབ་མཁན་གཞས་འཁྲབ། གླུ་གཏོང་མཁན་གླུ་གཏོང༌" ཞེས་གསུངས། སློབ་མ་རྣམས་གཅིག་གིས་གཅིག་ལ་ལྟ་བཞིན་པའི་རྒན་ལགས་ཀྱིས་ཡར་ལངས་ཏེ་བདེ་ལྕག་འཁྱུག་པའི་སྟངས་སྟབས་ཀྱིས་ཞབས་བྲོའི་འགོ་བརྩམས། དེ་ནས་སློབ་མ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཞབས་བྲོ་འཁྲབ་སོང་། ངས་ཀྱང་ཞབས་བྲོ་བློ་ཡིད་ཚིམ་པ་ཞིག་འཁྲབ།
དུས་དེ་ནས་བཟུང་ཁོང་ནི་ངའི་སེམས་ནང་བརྩེ་བ་ཟབ་ཤོས་ཀྱི་དགེ་རྒན་ཞིག་ཏུ་གྱུར། ཁོང་གི་ཡ་རབས་སྤྱོད་བཟང་ལ་ཡིད་སྨོན་ཚད་མེད་སྐྱེ་གི་འདུག་ལ། ཁོང་གིས་སློབ་མ་རྣམས་ལ་བཅངས་པའི་བྱམས་བརྩེ་དེ་སློབ་མ་ཚོའི་སྙིང་དབུས་སུ་ཇི་སྲིད་བར་དུ་གནས་ངེས་ཡིན་ནོ། །
བརྗེད་པར་དཀའ་བའི་འདས་དོན།
ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ། སྤེལ་དུས། : 2021-09-18
མཉམ་སྤྱོད །