འཇིག་རྟེན་འདིར་ཆེས་རླབས་ཆེ་བའི་མི་སྣ་མང་པོ་ཡོད། ཁོ་ཚོར་བླ་ན་མེད་པའི་མཛད་སྤྱོད་མངའ་བ་ནི་གོར་མ་ཆག དེ་དག་ཁྲོད་ཆེས་རླབས་ཆེ་ཤོས་ནི། ང་ཚོས་རྒྱུན་ནས་རྒྱུན་དུ་མཐོང་དང་མཐོང་བཞིན་པའི་དགེ་བའི་བཤེས་གཉེན་དག་ཡིན།
ཁོང་རྣམ་པས་སྒེར་སེམས་སྤུ་ཙམ་མེད་པར། སློབ་མ་ཚོའི་མ་རིག་པའི་བློ་སེལ་བ་དང་། ལྷད་མེད་པའི་བྱམས་བརྩེས་སློབ་མ་ཚོའི་འཚོ་བར་ཐུགས་ཁུར་གནང་། ངས་ནམ་ཡང་བརྗེད་པར་དཀའ་བ་ནི་བོད་ཡིག་རྒན་ལགས་ཡིན། ཁོང་གི་སྐུ་གཟུགས་འབྲིང་ཙམ་དང་། སྐུ་ཤ་འབྱོར་པོ་ཡོད། སྤྱན་གཉིས་ལས་དུས་རྒྱུན་དུ་ལྷག་བསམ་དཀར་པོའི་བྱམས་བརྩེའི་འོད་མདངས་ཞིག་འཚེར། ནམ་རྒྱུན་སློབ་ཁྲིད་བྱེད་པའི་སྐབས། ཁོང་གིས་སྐད་གདངས་གསལ་པོས་སློབ་ཚན་ཀློག་པ་དང་། ཁ་གསལ་གོ་བདེའི་ངང་ནས་སློབ་ཚན་ལ་འགྲེལ་པ་བརྒྱབ་གནང་གི་ཡོད།
ང་རང་སློབ་ཆུང་སྡོད་དུས་བོད་ཡིག་གི་སྦྱངས་འབྲས་དེ་ཙམ་ལེགས་པོ་མེད།སློབ་འབྲིང་དུ་ཁོང་གི་སློབ་ཁྲིད་ཉན་པའི་རྗེས་ང་རང་དབང་མེད་པར་བོད་ཡིག་ལ་དགའ་ཞེན་ཆེན་པོ་སྐྱེས། ་་དགའ་ཞེན་ནི་དགེ་རྒན་བཟང་ཤོས་ཞིག་ཡིན"ཞེས་པ་ལྟར། ངའི་བོད་ཡིག་གི་སྦྱངས་འབྲས་དེ་ཡང་ཉིན་རེ་བཞིན་ཡར་རྒྱས་ཆེན་པོ་བྱུང་། དེ་ ནས་བཟུང་ངས་བོད་ཡིག་ལ་སྦྱང་དཔྱིས་ཕྱིན་པ་ཞིག་བྱས་པས། གྲུབ་འབྲས་ཀྱང་མངོན་གསལ་འདོད་པོ་ཞིག་བྱུང་། དེ་ནི་ཁོང་གི་བཀའ་དྲིན་དང་ཁ་བྲལ་ཐབས་མེད། ཁོང་གིས་རྟག་ཏུ་སློབ་མ་རྣམས་བསྟོད་བསྔགས་བྱེད་པ་དང་།སློབ་མ་ཚོར་སློབ་སྦྱོང་ཡག་པོ་བྱས་ནས་ཕུགས་བསམ་མངོན་འགྱུར་ཡོང་བ་དང་།དེ་བཞིན་མི་གཤིས་ཡག་པོ་བསྐྱངས་དགོས་ལུགས་སོགས་བསླབ་བྱ་གང་མང་གནང་མྱོང་།
ཐེངས་ཤིག བོད་ཡིག་ཡིག་རྒྱུགས་བཏང་སོང་། གུས་པའི་བོད་ཡིག་སྦྱངས་འབྲས་བརྒྱ་ཆ་དགུ་བཅུ་ལོན་འདུག ཁོང་གིས་འཛུམ་དམུལ་དམུལ་ངང་ནས། ཡིག་རྒྱུགས་ཡག་པོ་བཏང་འདུག མུ་མཐུད་འབད་པ་ལྷོད་མེད་བྱེད་དགོས་པའི་བཀའ་སློབ་གནང་བ་མ་ཟད། བྱ་དགའ་ཡང་གནང་བྱུང་། དུས་དེ་ནས་བཟུང་ངའི་བོད་ཡིག་སྦྱངས་འབྲས་དེ་བརྒྱ་ཆ་བརྒྱད་ཅུ་ནས་མར་ཆག་མ་མྱོང་།
བཤེས་གཉེན་ལགས། ཁྱེད་ཀྱི་གནང་བའི་བཀའ་སློབ་བདག་གི་སེམས་ལ་བརྟན་པོར་ངེས་ཡོད་ལ། ཁྱེད་ཀྱི་བཀའ་དྲིན་ནི་གསོལ་ཐུབ་མ་སོང་བས།ངས་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱས་ནས་འབྲིང་རྒྱུགས་ནང་གཡུར་ཟའི་འབྲས་བུ་ཐོབ་པར་བྱེད་རྒྱུ་ཡིན་ནོ། །
བདག་གི་དགེ་རྒན།
ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ། སྤེལ་དུས། : 2021-09-18
མཉམ་སྤྱོད །