ཤེས་བྱ་ཡོན་ཏན་ནི་བརྩོན་འགྲུས་ཅན་ལ་དབང་བ་ཡིན་ཞེས་པའི་གཏམ་འདི་ཅི་འདྲའི་བདེན་པ་ཞིག་རེད་ཨང་།
བརྩོན་འགྲུས་ནི་མི་ཞིག་ལ་ཐོག་མ་ཉིད་ནས་ཡོད་པ་ཞིག་གཏན་ནས་མ་ཡིན་པར་རྗེས་སོར་གྱི་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་གོམས་འདྲིས་སུ་སོང་བ་ཞིག་ཡིན། ང་རང་སློབ་སྦྱོང་གི་སྦྱངས་འབྲས་ཀྱང་འཛིན་གྲྭའི་མདུན་གྲས་སུ་སླེབས་པ་ནི་བརྩོན་འགྲུས་དང་འབྲེལ་བ་དམ་ཟབ་ཡོད། བརྩོན་འགྲུས་ཀྱི་སྐོར་གླེང་ན་སློབ་ཆུང་སྐབས་ཀྱི་དགེ་རྒན་ཞིག་སྣང་བར་ལམ་ལམ་དུ་འཆར། ཁོང་ནི་ང་ཚོའི་འཛིན་གྲྭའི་རྒྱ་ཡིག་རྒན་ལགས་རེད། ཁོང་ནི་དགེ་རྒན་དར་མ་ཞིག་ཡིན། སྐུ་གཟུགས་ཅུང་རིང་ལ་སྐུ་ཤ་འབྱོར་ཙམ་ཡོད། ཕྱི་ལུགས་པའི་ན་བཟའ་སྔོ་ནག་གཙང་མ་ཞིག་གྱོན་པ་དང་བཞིན་རས་དཀར་ལ་དབུ་སྐྲ་གྱེན་དུ་ཤད་ཡོད། ཁོང་གིས་རྟག་ཏུ་སྤྱན་ཤེལ་ཞིག་བཀྱོན་གནང་གི་འདུག ང་ཚོས་འབུམ་རམས་པ་ཞེས་པའི་མིང་བཏགས་ཡོད། ཁོང་ནི་བརྩོན་འགྲུས་ཅན་གྱི་མི་ཞིག་ཡིན་ལ་སློབ་མར་དེ་བས་ཀྱང་བྱམས་བརྩེ་ཆེ། རྟག་ཏུ་སློབ་མ་དང་མཉམ་དུ་སྐྱོར་སྦྱང་ལ་རོལ་བ་དང་།
ང་རང་ག་དུས་ཁོང་གི་མདུན་དུ་ངག་སྐྱོར་གཏོང་བར་འགྲོ་དུས་རྒྱུན་དུ་དཔེ་དེབ་གཟིགས་ནས་བཞུགས་པ་མཐོང་མུས་ཡིན། ཁོང་གིས་ང་ཚོར་རྟག་པར་སློབ་སྦྱོང་ལ་བརྩོན་འགྲུས་བྱེད་དགོས་ཞེས་བཤད་ཀྱིན་ཡོད་ལ། དོན་ངོ་མའི་ཐོག་ཁོང་རང་ཉིད་ཀྱང་བརྩོན་འགྲུས་ཅན་གྱི་མི་ཞིག་ཡིན། དེས་ང་ལ་བརྩོན་འགྲུས་ཀྱི་སྒུལ་ཤུགས་ཤིག་བཙལ་ཞིང་སློབ་སྦྱོང་ལ་བརྩོན་འགྲུས་བྱེད་པའི་འདུ་ཤེས་ཡང་སྐྱེས་པ་ཡིན། ཁོང་གི་བསླབ་བྱ་དང་བྱ་བྱེད་མཐའ་དག་བློ་ལ་ངེས་ནས་སློབ་འབྲིང་གི་འཚོ་བར་འཛུལ་བ་ཡིན། སློབ་འབྲིང་གི་བསླབ་གཞིའི་ནང་བརྩོན་འགྲུས་དང་འབྲེལ་བའི་བསླབ་བྱ་མང་པོ་ཡོད་འདུག་པས་ང་ལ་དེ་བས་ཀྱང་ངེས་ཤེས་ཟབ་མོ་ཞིག་སྐྱེས་བྱུང་། སློབ་འབྲིང་གི་དགེ་བའི་བཤེས་གཉེན་དག་དང་ལྷན་དུ་སློབ་སྦྱོང་ལ་བརྩོན་འགྲུས་ལྷོད་མེད་བྱས་པས་ད་ཆ་ང་རང་འཛིན་གྲྭའི་ནང་གི་སློབ་སྦྱོང་ཡག་གྲས་སུ་སླེབས་པ་མ་ཟད་རྒན་ལགས་ཀྱིས་ཀྱང་བསྟོད་བསྔགས་མང་པོ་བཏང་བས་སེམས་ནང་དགའ་བ་དཔག་ཏུ་མེད་པ་ཞིག་བྱུང་།
བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན། །རང་གི་ལག་ན་གནས་དང་མཚུངས། །ཞེས་པ་ཅི་འདྲའི་བདེན་པ་ཞིག་ཡིན་རེད་ཨང་། སྔོན་བྱོན་གྱི་ཚན་རིག་མཁས་ཅན་དང་ཤེས་ཡོན་ཅན་མང་དག་ཅིག་གི་བརྩོན་འགྲུས་ལ་བརྟེན་ནས་རིག་གནས་ཤེས་བྱ་མང་པོ་རང་རྒྱུད་ལ་འབྱོར་གང་ཐུབ་བྱས་ཡོད། དེར་བརྟེན་ངས་ཀྱང་བརྩོན་འགྲུས་ལ་བརྟེན་ནས་རིག་པའི་ཕ་མཐའ་གཅོད་རྒྱུ་ཡིན་ནོ། །
བརྩོན་འགྲུས།
ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ། སྤེལ་དུས། : 2021-09-18
མཉམ་སྤྱོད །