ང་ཡི་དཔེ་ཀློག་དང་ང་ཡི་ཟིན་བྲིས།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

ང་ཡི་དཔེ་ཀློག་དང་ང་ཡི་ཟིན་བྲིས།

ཡོང་ཁུངས། :   རྩོམ་པ་པོ། : བདེ་ཆེན་དབང་མོ།  ཀློག་གྲངས །: སྤེལ་དུས། : 2024-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        ན་ནིང་། ངས«མི་རོ་རྩེ་སྒྲུང»བཀླགས་མྱོང་། ཉི་མ་རེ་རེའི་ཉིན་གུང་དཔེ་ཀློག་གི་དུས་ཚོད་གཏན་ཁེལ་ལྟར་དུ་གཏམ་རྒྱུད་རེ་རེ་དང་རེ་རེ་བྱས་ནས་གླེང་གཞི་དང་འབྲེལ་བའི་གཏམ་རྒྱུད་ཉེར་བཞི་པོ་ཁ་ཚང་བཀླགས་མྱོང་། རང་སེམས་རྣལ་དུ་ཕབ་སྟེ་གཏམ་རྒྱུད་དང་པོ་སྤུན་ཟླ་དྲུག་དང་། གཉིས་པ་དྲན་གསལ། གསུམ་པ་ཤིང་བཟོ་ཀུན་དགའ། བཞི་བ་གསེར་མོ་མཚོ་དང་དངུལ་མོ་མཚོ། ལྔ་པ་གསེར་གཡུ་སྐྱུག་པ། དྲུག་པ་སོ་ནམ་པ་དང་རྒྱལ་བོ་གཏུམ་པོ། བདུན་པ་དྲིན་ལན་མཇལ་བ། བརྒྱད་པ་ཕུ་ནུ་གཉིས། དགུ་བ་ཕྱུག་པོས་རྐུ་བྱས་བ། བཅུ་བ་བྱ་ཤུབ་རྒྱལ་བུ། བཅུ་གཅིག་པ་བུ་དབུལ་བོ་དང་ཀླུའི་བུ་མོ། བཅུ་གཉིས་པ་འབྲི་ཁྲ་བོས་ན་གཞོན་བསྐྱབས་པ། བཅུ་གསུམ་པ་མོ་སྟོན་ཕག་མགོ བཅུ་བཞི་བ་བུ་མོ་གསེར་སྒྲོན། བཅོ་ལྔ་པ་མ་སང་ཡ་རུ་ཁ་ཁྲ། བཅུ་དྲུག་པ་ཕོ་བ་གྲོང་འཇུག་སློབ་པ། བཅུ་བདུན་པ་སྦལ་བ་དང་སྲས་མོ། བཅོ་བརྒྱད་པ་ཁ་མི་གྲག་པའི་བུ་མོ། བཅུ་དགུ་བ་རྫུན་མི་སྨྲ་བའི་རྟ་རྫི། ཉི་ཤུ་བ་ཕྱུགས་འཚོ་བའི་བྱིས་པ། ཉེར་གཅིག་པ་རྡོའི་སེང་གེ་ཁ་གདངས་པ། ཉེར་གཉིས་པ་བདུད་པོ་སྤུན་གསུམ། ཉེར་གསུམ་པ་བུ་མོ་སྙིང་འཛིན། ཉེར་བཞི་བ་ལས་ལ་བརྩོན་པའི་བུ་མོ་གསུམ་བཅས་གོ་རིམ་བཞིན་དུ་བཀླགས་མྱོང་བར་མ་ཟད། ད་དུང་ཕྱི་དྲོའི་སློབ་ཐུན་གྱི་སྐབས་ལ་ལར། དགེ་རྒན་གྱི་བཀོད་སྒྲིག་ལྟར་པདྨ་ཚེ་བརྟན་ལགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་ཅིང་། བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་རྒྱ་སྐད་ཀྱིས་བཤད་པའི«མི་རོ་རྩེ་སྒྲུང»སློབ་ཁང་གི་སྨྱན་ཆས་བརྒྱུད་ནས་ཡང་ཡང་ཉན་མྱོང་།Qu9康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        ད་ལོར། ངས་དགུན་གནང་གི་གོ་སྐབས་སྤྱད་ནས། «མི་རོ་རྩེ་སྒྲུང»དུ་བསྡུས་པའི་གཏམ་རྒྱུད་ཚང་མར་དཔེ་ཀློག་ཟིན་བྲིས་བྲིས་ཡོད། རང་ལ་བག་ཆགས་ཟབ་པའི་གཏམ་རྒྱུད་སྔོན་ལ་བསལ་ནས་བྲིས་ཤིང་། རང་ལ་དགའ་བ་ཡོད་པའི་ཚན་པ་དམིགས་སུ་བཀར་ནས་བྲིས་ཡོད། དེ་ཡང་། «གསེར་གཡུ་སྐྱུག་པ»ལྟ་བུར་མཚོན་ན། ངས་གཏམ་རྒྱུད་ཁྲོད་ཀྱི་ཞིང་བའི་བུ་དང་རྔོན་པའི་བུ་གཉིས་སྡོང་བོའི་གསེབ་ཏུ་སྦས་ནས་རུས་སྦལ་དང་ཆུ་སྦལ་གཉིས་ཀྱི་ཁ་བརྡ་ལ་ཉན་པ་དང་། དེ་གཉིས་ཀྱི་ཁ་བརྡའི་ཁྲོད་ནས་ཆུ་འགྲམ་གྱི་ཤུག་སྡོང་གི་ལྕུག་པ་ཁྱེར་ནས་ཆུ་སྦལ་གྱི་མགོ་ལ་བརྒྱབ་ནས་བསད་དེ་སྦལ་རོ་ཁྱུར་མིད་བྱས་ན་གཡུ་སྐྱུག་པ་དང་། ཆུ་འགྲམ་གྱི་རྡོ་བླངས་ནས་རུས་སྦལ་གྱི་སྐེ་ལ་བརྒྱབ་ནས་བསད་དེ་སྦལ་རོ་ཁྱུར་མིད་བྱས་ན་གསེར་གཡུ་སྐྱུག་པའི་གཏམ་ཐོས་པ་ན། ཞིང་བའི་བུ་དང་རྔོན་པའི་བུ་གཉིས་སྡོང་བོའི་གསེབ་ནས་ཐོན་ཏེ། ཞིང་བའི་བུ་ཡིས་ཤུག་སྡོང་གི་ལྕུག་མ་བཟུང་བ་དང་རྔོན་པའི་བུ་ཡིས་ཆུ་འགྲམ་གྱི་རྡོ་ལེབ་ཅིག་བཟུང་ནས་གློ་བུར་དུ་བརྒྱུགས་ནས་སྦལ་བ་དེ་གཉིས་བསད། སྦལ་རོ་དེ་གཉིས་དེ་མ་ཐག་ཇེ་ཆུང་ལ་སོང་། ཞིང་བའི་བུ་ཡིས་ཆུ་སྦལ་ཁྱུར་མིད་བྱས་པ་དང་། རྔོན་པའི་བུ་ཡིས་རུས་སྦལ་ཁྱུར་མིད་བྱས་ཏེ་སྐྱུག་པ་ན། ཞིང་བའི་བུ་ཡིས་ཁ་ནས་གཡུ་བསྐྱུགས་པ་དང་། རྔོན་པའི་བུ་ཡི་ཁ་ནས་གསེར་བསྐྱུགས་པའི་ནང་དོན་དེ་དམིགས་སུ་བཀར་ནས་བྲིས་ཡོད། ཞོར་དུ་གཏམ་རྒྱུད་ཧྲིལ་བོའི་ནང་དུ་བྱུང་བའི་གཏམ་དཔེ་སྟེ། “མི་ལ་ངོ་ཚ་མེད་ན་ཁྱི་ཡིན། ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན།” “རྟ་བོ་རྒྱུག་ཆེ་ན་མཐའ་མར་འདམ་ལ་ཟུག གྲོག་མ་འགྲོ་འདུག་རྒོད་ན་རྐང་ལག་ཐང་ཆུས་འཛིན།” “མཐོན་པོའི་ཡན་ན་མཐོན་པོ་ཡོད། མཁས་བའི་ཡན་ན་མཁས་པ་ཡོད།” “རྟ་རྒྱུག་ན་བདེ་མོ་ཐང་ལ་རྒྱུག གཏམ་བཤད་ན་འཇིག་རྟེན་གནས་ལུགས་ཤོད།“ཚུར་བཤད་གཏམ་གྱི་དོན་གོ་བ། ཕར་བཤད་གཏམ་གྱི་སྒྲ་དག་པ”སོགས་ནི་ཕྱིས་ཀྱི་རང་གི་རྩོམ་ཡིག་འབྲི་སྦྱོང་དུས་སུ་དགོས་མཁོ་ཆེ་བར་བསམ་ནས་ཟིན་བྲིས་སུ་བཏབ་ཡོད། དེ་ནས«བུ་དབུལ་པོ་དང་ཀླུའི་སྲས་མོ»ལྟ་བུར་མཚོན་ན། གཏམ་རྒྱུད་འདིའི་ཁྲོད་ཀྱི་རྒྱལ་བོས་བུ་དབུལ་བོ་ལ་བཙན་གྱིས་སྐུགས་བཞག་སྟེ། ཐོག་མར་ཁ་དར་གྱི་རིང་ཐུང་འགྲན་ནས་རྒྱལ་པོ་ཕམ། རྒྱལ་པོ་ཁ་དན་ཚིག་ལ་མ་གནས་པར་ལྷ་གཡག་གི་གདོང་ག་འགྲན་ཏེ་རྒྱལ་པོ་ཕམ། ཡང་རྒྱལ་པོ་ཁ་དན་ཚིག་ལ་མ་གནས་པར་རྟ་རྒྱུག་འགྲན་ཏེ་རྒྱལ་པོ་ཕམ། ཡང་རྒྱལ་པོ་ཁ་དན་ཚིག་ལ་མ་གནས་པར་ཏིལ་འབྲུ་ཁེ་གཅིག་ཐང་ལ་གཏོར་ནས་སུས་བཏུས་པའི་མང་ཉུང་འགྲན་ཏེ་རྒྱལ་པོ་ཕམ། ཡང་རྒྱལ་པོ་ཁ་དན་ཚིག་ལ་མ་གནས་པར་རལ་གྲི་དང་མདུང་ཐུང་གི་རྩེད་མོ་འགྲན་མཐར་རྒྱལ་པོ་བསད་པའི་གཏམ་རྒྱུད་ཡིད་སྤྲོ་བ་སྟེ། འགྲན་བསྡུར་ཐེངས་རེ་སྤེལ་ན། རྒྱལ་པོ་ཐེངས་རེ་ཕམ་པ་དང་། རྒྱལ་པོ་ཐེངས་རེ་ཕམ་ན། རྒྱལ་པོ་ཁ་དན་ཚིག་ལ་མ་གནས་པའི་ཚན་པ་དེས་ང་ལ་བཞག་པའི་བག་ཆགས་ཟབ་མོ་ཡིན་པས། ངས་ཚན་པ་དེ་དག་དམིགས་སུ་བཀར་ནས་བྲིས་ཡོད་པ་མ་ཟད། ངས་གཏམ་རྒྱུད་འདིས་ང་ཚོར་བསྟན་པའི་གནས་ལུགས་ཏེ། བུ་དབུལ་པོ་ལྟར་གཞན་ལ་དྲིན་བྱས་ན་དྲིན་ལན་གཞུག་ན་ཡོད་པ་དང་། རྒྱལ་པོ་གདུག་རྩུབ་ཅན་ལྟར་བསམ་ངན་གཞན་ལ་བཅངས་ན་སྦྱོར་བ་རང་ལ་འཁོར་བའི་ཆ་དེའང་ཉུང་ཙམ་བྲིས་ཡོད། དེ་ནས«བུ་མོ་གསེར་སྒྲོན»ལྟ་བུར་མཚོན་ན། གཏམ་རྒྱུད་འདིའི་ནང་དོན་གནད་བསྡུས་ཏེ། དེ་ཡང་ཡུལ་ཞིག་ན། མི་རྒན་བཟའ་མི་གཉིས་ཡོད་པར་བུ་མོ་གཅིག་ཡོད་པའི་མིང་ལ་གསེར་སྒྲོན་ཟེར། བུ་མོ་ཆེར་སྐྱེས་པས། ལས་ལ་བརྩོན་པ་ཆེ་ཞིང་ཕ་མའི་ཁ་ལ་ཉན་པས། མི་རྒན་བཟའ་མི་གཉིས་ཀྱིས་ཀྱང་རང་གི་བུ་མོ་ལ་ལྷག་པར་གཅེས་པར་གྱུར་པས། རྒྱུན་པར་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་ཡོད་པ་དེར་སོང་ནས་ཕྱག་འཚལ་མཆོད་པ་ཕུལ། རང་གི་བུ་མོ་ལ་ཁྱོ་བོ་བཟང་བོ་ཞིག་འཕྲད་པར་གསོལ་བ་བཏབ། ཉིན་ཞིག་གི་མཚན་མོར་བྱིས་པ་གཉིས་ཉལ་ནས་གཉིད་དུ་ཡུར། མི་རྒན་བཟའ་མི་གཉིས་ཀྱིས་བུ་མོའི་གཉེན་གྱི་དོན་གླེང་། རྒན་མོ་ན་རེ། འོ་སྐོལ་གྱི་བུ་མོ་གསེར་སྒྲོན་འདི་བག་མར་གཏོང་རན་འདུག ཇི་ལྟར་བྱས་ན་དགའ་བ་ལའང་ཟེར་བ་ལ། རྒད་པོ་ན་རེ། བུ་མོ་འདི་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ནས་བྱུང་བ་ཡིན་པས། བུ་མོ་གསེར་སྒྲོན་འདི་སུ་ལ་ཆུང་མར་སྟེར་བ་ཡང་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ནས་ཐག་གཅོད་དགོས་ཟེར་བས་དེ་ལྟར་བྱེད་པར་ཐག་བཅད། སྐད་ཆ་འདི་བཤད་པ་སྒོ་ཁ་ནས་རྐུན་པོ་ཞིག་གིས་ཐོས་པས། མཚན་མོ་རྐུན་པོ་དེ་ལྷ་ཁང་དེར་སོང་ནས་སྤྱན་རས་གཟིགས་ཀྱི་འདམ་སྐུའི་རྒྱབ་ལ་ཡིབ་ནས་བསྡད། ཕྱི་ཉིན་སྔ་མོར་མི་རྒན་བཟའ་མི་གཉིས་ལྷ་ཁང་ལ་འོངས་ནས། འདམ་སྐུའི་མདུན་དུ་ཕྱག་འཚལ་ནས་མཆོད་པ་ཕུལ། འཕགས་པ་སྤྱན་རས་གཟིགས། བུ་མོ་ཆེར་སྐྱེས་པས་ཆོས་འཇིག་རྟེན་གང་བྱས་ན་བཟང་བ་དང་། འཇིག་རྟེན་བྱེད་ན་ཇི་ལྟར་བྱས་ན་བཟང་བ་དང་སྐྱིད་པ་སོགས་རབ་བྱུང་ན་ཐ་མ་རྨི་ལམ་དུ་ལུང་སྟོན་པར་ཞུས། རྐུན་པོས་འདམ་སྐུའི་རྒྱབ་ཏུ་ཁྱོད་ཀྱི་བུ་མོ་འདི་འཇིག་རྟེན་བྱས་ན་བཟང་། སང་སྔ་མོར་ཁྱོད་ཀྱི་སྒོ་དྲུང་དུ་སུ་སླེབས་ན་དེ་ལ་བྱིན་ཟེར། ཕྱི་ཉིན་མི་རྒན་བཟའ་མི་གཉིས་ཀྱིས་སྔ་མོ་མལ་ལས་ལངས་ནས་འཕགས་པས་ལུང་བསྟན་པའི་མི་དེ་ཅི་འདྲ་ཞིག་ཡིན་པ་བསྒུགས་ནས་བསྡད། རྐུན་པོ་དེས་ཤིང་སྒམ་ཞིག་གི་ནང་ལ་ཤིང་ཏོག་མང་པོ་བཅུག་ནས་ཡོང་བས། མི་རྒན་བཟའ་མི་གཉིས་ཀྱིས་བཟའ་བཏུང་ཕུན་སུམ་ཚོགས་པ་དང་། ཟས་སྣ་གང་འཛོམས་ཀྱིས་རྫོངས་པ་གཏད་དེ་བུ་མོ་དེ་ཁོ་ལ་ཆུང་མར་ཕྱིན་པ་རེད། རྐུན་པོ་དེས་བུ་མོ་ཁྲིད་དེ་ཕྱིར་ལམ་ནས་འགྲོ་དུས། རྐུན་པོའི་བསམ་པ་ལ། བདག་ལ་ཆུང་མ་ཡོད་པ་མ་ཟད། བུ་དང་བུ་མོ་ཡང་མང་པོ་ཞིག་ཡོད་པས། གོས་རྒྱན་དང་རྫོངས་པ་རྣམས་བླངས་རྗེས་བུ་མོ་གསོད་དགོས་སྙམ་ནས་མགོ་སྐོར་བཏང་སྟེ་བྲག་ཕུག་ཅིག་གི་ནང་ལ་བཅུག་པ་རེད། དེ་ནས་རྒྱལ་བོའི་བུ་ཞིག་ཐོན་ཏེ་བུ་མོ་བསྐྱབས་ནས་བྲག་ཕུག་ནང་ལ་སྟག་ཞིག་བཅུག དེ་ནས་རྐུན་པོ་སྒོར་སོང་ནས་ཕྱིར་ཡོང་བས་ཁོ་རང་སྟག་གིས་ཟོས་པའི་ཆ་དེ་གཙོ་བོར་བཟུང་ནས་བྲིས་ཤིང་། གཏམ་རྒྱུད་བཀླགས་པའི་མྱོང་ཚོར་ཙམ་སྟེ། གཡོ་དང་རྫུན་གྱིས་བྱ་བའི་མཐའ་མི་འཁྱོལ་ལ། གཞན་ལ་བསམ་ངན་བཅངས་ན་མཐའ་མར་ཉེས་དམིགས་རང་ལ་འབྱུང་བའི་ཆ་དེ་རགས་ཙམ་བྲིས་ཡོད། དེའི་འཕྲོར། ངས«སྤུན་ཟླ་དྲུག་གི་གཏམ་རྒྱུད»བྲིས། ངས་མགར་བའི་བུ་དང་ལྷ་རྗེའི་བུ། ཤིང་བཟོའི་བུ། རྩིས་མཁན་གྱི་བུ། རི་མོ་མཁན་གྱི་བུ་བཅས་སྤུན་ཟླ་ལྔ་ཡིས་རྔོན་པའི་བུ་འཚོལ་བའི་ཚན་པ་དེ་དམིགས་སུ་བཟུང་ནས་བྲིས། ཚན་པ་དེའི་ཁྲོད་ཀྱི་སྤུན་ཟླ་ཕན་ཚུན་བར་གྱི་མཛའ་བརྩེ་དང་། ཡིད་ཆེས་དང་བློ་གཏད་སོགས་ཀྱིས་ང་ལ་སེམས་འགུལ་ཐེབས་སུ་བཅུག དེའི་འཕྲོར། ངས«དྲན་གསལ»གྱི་གཏམ་རྒྱུད་ཀྱི་དཔེ་ཀློག་ཟིན་བྲིས་བྲིས། ངས་དྲན་གསལ་གྱིས་རྒྱལ་པོའི་བླ་གཡུ་བརྐུ་བའི་དུས་ཀྱི་རྣམ་པ་དང་། བརྐུས་པའི་རྗེས་ཀྱི་བྱ་བྱེད་བྲིས་ཡོད་པའི་ཚན་པ་དེ་གཙོ་བོར་བཟུང་ནས་བྲིས། དྲན་གསལ་གྱི་སྙིང་སྟོབས་དང་། དྲན་གསལ་གྱི་བློ་གྲོས་ལ་ང་རང་མཚར་སྣང་སྐྱེས། དྲན་གསལ་གྱིས་བླ་གཡུ་བརྐུས་པའི་རྗེས་ཀྱི་བྱེད་སྟངས་ལ་དགོད་བྲོ་བ་བྱུང་། དེའི་འཕྲོར། ངས«ཤིང་བཟོ་ཀུན་དགའི»གཏམ་རྒྱུད་ཀྱི་དཔེ་ཀློག་ཟིན་བྲིས་བྲིས། ངས་ཤིང་བཟོ་ཀུན་དགའ་རང་ཁྱིམ་དུ་ཟླ་བ་གཅིག་གི་རིང་ལ་བཀབ་པ་དང་། བཀབ་པའི་རྗེས་ཀྱི་རང་གི་ལུས་གཙང་མར་བཀྲུས་ཚུལ། གོས་དཀར་པོ་གྱོན་ཚུལ། རྒྱལ་པོ་ཀུན་སྣང་ནི་ལྷ་ཡུལ་ནས་སྟོབས་འབྱོར་ཆེ་ཚུལ་དང་། ཁོས་གཙུག་ལག་ཁང་བཞེངས་ཚུལ། དེ་ལ་ཚོན་འབྱུག་པར། ལྷ་བཟོ་ཀུན་དགའ་ལྷ་ཡུལ་དུ་མངག་དགོས་ཚུལ། མངག་ཚུལ་ཤིང་བཟོ་ཀུན་དགའ་ལྟར་ཡིན་དགོས་ཚུལ་སོགས་བྲིས་པའི་འཕྲིན་ཡིག་རྫུན་མ་འཁྱེར་ཏེ་རྒྱལ་པོའི་ཕོ་བྲང་དུ་སོང་ནས་རྒྱལ་པོ་ཀུན་སྐྱོང་ལ་ཕུལ་བ་དང་། རྒྱལ་པོ་ཀུན་སྐྱོང་གི་ཐུགས་ཤིན་ཏུ་དགའ་སྟེ། ཤིང་བཟོ་ཀུན་དགའ་ལ་བྱ་དགའ་མང་པོ་སྤྲད་པའི་སྐོར་དེ་བྲིས་ཡོད་ལ། དེར་མཐུད་ནས་ལྷ་བཟོ་ཀུན་དགས་གཞན་ལ་བསམ་པ་ངན་པ་བཅངས་ན་མཐའ་མར་སྦྱོར་བ་རང་ལ་འཁོར་བའི་མཇུག་འབྲས་དང་གནས་ལུགས་ཀྱི་སྐོར་ཡང་བྲིས་ཡོད། དེའི་འཕྲོར། ངས«གསེར་མོ་མཚོ་དང་དངུལ་མོ་མཚོའི»གཏམ་རྒྱུད་ཀྱི་དཔེ་ཀློག་ཟིན་བྲིས་བྲིས། ངས་ཐོག་མར་ཤིང་རྟ་མོས་རྒྱལ་སྲིད་རང་ལ་ཇི་ལྟར་ཐོབ་པར་བསམ་བློ་ངན་པ་བཅངས་ནས། གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་མཚོ་ཁར་ཁྲིད་པ་དང་། དེ་ནས་ཁོ་མོ་ཚོའི་སུའི་ཁ་ཕོར་ཆུ་ཁར་གཡེང་བའི་གཡོ་དང་ཇུས་ལ་བརྟེན་ནས། གསེར་མོ་མཚོ་མཚོ་ནང་དུ་ལྕེབས་པའི་ངན་ཇུས་དེ་གཙོ་བོ་བཟུང་ནས་བྲིས་ལ། མཇུག་མཐར་རྒྱལ་བུ་དང་དངུལ་མོ་མཚོ་གཉིས་ཀྱིས་ཇུས་ལ་ཇུས་ལན་དང་། ཐབས་ལ་ཐབས་ལན་སྤྲད་ནས་ཁང་བའི་ནང་ལ་དོང་རིམ་པ་དགུ་བྲུས་ཏེ་སྟེང་ལ་གདན་བཀབ་ནས་བཞག་པ་དང་། ཤིང་རྟ་མོ་གདན་དེའི་སྟེང་དུ་འཕོངས་རྡེབ་བྱས་ཏེ་དོང་དུ་ལྷུང་རྗེས། རྒྱལ་བུ་དང་དངུལ་མོ་མཚོ་གཉིས་ཀྱིས་དོང་ཁ་བསུབས་པ་དང་། སྟེང་ལ་མཆོད་རྟེན་བཞེངས་ནས་བདུད་མོ་ཤིང་རྟ་མོ་ཕམ་པར་བརྒྱབ་པའི་སྐོར་དེ་གཙོ་བོར་བཟུང་ནས་བྲིས་ཡོད།Qu9康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        སྤྱིར་དཔེ་ཀློག་བྱས་ན་རང་གི་ལྟ་རྒྱ་དང་ཐོས་རྒྱ་བསྐྱེད་ཐུབ་པ་མ་ཟད། དཔེ་ཆོས་གསོག་འཇོག་དང་། གཏམ་དཔེ་གསོག་འཇོག ཐ་སྙད་གསོག་འཇོག་སོགས་གསོག་འཇོག་གི་ནུས་པ་ཇེ་ཆེར་འགྲོ་ལ། དཔེ་ཀློག་ཟིན་བྲིས་བྲིས་ན་ཐ་སྙད་བཀོལ་སྤྱོད་ཀྱི་ནུས་པ་ཇེ་ཆེར་སོང་ནས་རང་གི་འབྲི་རྩོམ་གྱི་ནུས་པ་མཐོར་འདེགས་གཏོང་ཐུབ་པས། ངས་མུ་མཐུད་དུ་རང་གི་ནུས་པ་ཡོད་ཚད་དཔེ་ཀློག་སྟེང་བཀོལ་ཅིང་། དཔེ་ཀློག་ཟིན་བྲིས་འབྲི་བའི་ལས་ལ་འབད་དེ་རང་གི་མ་འོངས་པའི་སྐད་ཡིག་རྨང་གཞི་འཕེལ་རྒྱས་འགྲོ་བའི་ཕྱོགས་སུ་འབད་པ་རྒྱུན་འཁྱོང་བྱེད་འདོད་ཡོད།Qu9康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

Qu9康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

བདེ་ཆེན་དབང་མོ། ཀོས་ནན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དཔེ་ཀློག་འཛིན་གྲྭ་སྐབས་གཉིས་པའི་སློབ་མ།Qu9康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །
མཛུབ་སྟོན་དང་ཞུ་དག བྱ་གཞུང་དབང་ཆེན་ཚེ་རིང་།Qu9康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论