སློབ་གྲྭ་འགྲོ་ཁ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

སློབ་གྲྭ་འགྲོ་ཁ།

ཡོང་ཁུངས། :   རྩོམ་པ་པོ། : རྩྭ་ཕྲན།  ཀློག་གྲངས །: སྤེལ་དུས། : 2024-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        སློབ་གྲྭ་འགྲོ་དུས་སློབ་སྦྱོང་ལ་བཟང་ངན་དང་དུས་ཚོད་ལ་བར་ཁྱད་མེད་པར་ཚང་མ་གཅིག་གྱུར་གྱིས་སློབ་གྲྭར་འགྲོ་དགོས། འདི་ལྟར་ཕྱིར་འདང་རེ་བརྒྱབ་ན་མི་ལོ་བཅུ་ཕྲག་ཅིག་གི་འཚོ་བ་ནི་ཁ་སང་འདས་པ་དང་འདྲ་བར་ཧ་ཅང་རྒྱུས་ཡོད་ཅིག་རེད། ཁོ་བོ་ཆུང་དུས་སློབ་གྲྭར་འགྲོ་བ་ནི་ཕ་མ་དག་གི་ཞལ་གསུང་བཞིན་ཆད་པའི་ཆེད་དུ་སོང་བ་ཡིན། དེ་དུས་ཡུལ་མི་དག་གིས་སློབ་གསོ་གལ་ཆེན་དུ་མི་འཛིན་པར་ཆད་པར་ཧ་ཅང་གཙིགས་ཆེན་བྱེད་ཀྱིན་ཡོད།ཕལ་ཆེར་སྤྱི་ལོ་ཉིས་སྟོང་བདུན་ལོའི་སྟོན་ཟླ་འབྲིང་པོ་ཡིན་པ་འདྲ། སློབ་གྲྭ་འགྲོ་ཁར་ཨ་མས་ང་ལ་ཉོས་པའི་ཕུ་ཐུང་སྔོ་ནག་དེ་དང་དགོན་པའི་ཨ་ཁུ་དག་གི་ཆོས་དཔེ་ཁུར་བྱེད་ལྟ་བུའི་རྒྱབ་ལུང་གཅིག་ཅན་གྱི་དཔེ་ཁུག་སྔོ་ནག་དེ་གཉིས་ནི་ཁོ་བོས་ཆེས་བརྗེད་དུ་མེད་པ་ཞིག་རེད། གསེར་མདོག་གི་ན་བཟའ་མནབས་པའི་བྱ་འདར་རྩྭ་ཐང་ནི་མི་ཡུལ་གྱི་དག་ཞིང་ཞིག་དང་འདྲ་བར་ཁ་ཁུ་སིམ་མེར་གནས་འདུག། དུས་དེ་ནས་བཟུང་ཕལ་ཆེར་བག་ཡངས་དང་རྩེད་འཇོ་ཟེར་བའི་བྱིས་དུས་ལ་ཉིས་ཤད་བཞག་པ་དང་ཀུན་ནས་མཚུངས། འགན་ཁུར་དང་ཕུགས་བསམ་མེད་པའི་བདག་གི་བྱིས་དུས་ལ་མཚོན་ན་རྡོ་དཀར་དང་རྡོ་ནག་བསྒྲིགས་ནས་ནོར་ལུག་བྱས་མྱོང་ལ། འདམ་བག་དང་ས་དམར་བརྫིས་ནས་ཁང་པའང་ལས་མྱོང་། དབྱུག་པ་རྟ་རུ་བྱས་མྱོང་ལ་སྨྱུག་མ་གཞུ་རུ་འཐེན་མྱོང་། ཨ་ཡེ་ཨོང་འབྱར་རྩེས་ནས་ཐང་དུ་འགྱེལ་མྱོང་ལ་ཁེད་རྡོ་དཀར་དྲིས་གཡུགས་ནས་རྡུང་རེས་ཀྱང་བྱས་མྱོང་། སློབ་གྲྭ་འགྲོ་ཁར། དེ་དག་རྒྱབ་ཏུ་བསྐྱུར་ནས་དམིགས་ཡུལ་མེད་པར་མཚར་མཚར་གྱིས་སློབ་གྲྭར་སོང་བ་ཡིན། དུས་དེ་ནས་བཟུང་ལས་བྱ་དང་རྒྱུགས་ཤོག། སྐར་འབྲས་ཟེར་བ་དག་གིས་བག་ལྷོད་པའི་བྱིས་དུས་ཀྱི་རྩེད་འཇོར་གྱེས་ཕྱག་ཕུལ། དེ་ལྟར་མི་ལོ་དྲུག། མི་ལོ་དགུ། མི་ལོ་བཅུ་གཉིས། མི་ལོ་བཅོ་ལྔའི་དུས་དེ་རིང་ལ་ཐུག་གི་བར་དུ་བྱིས་དུས་ཀྱི་རྨི་ལམ་ཁུར་བའི་བདག་གིས་ཕུགས་བསམ་གྱི་གཤོག་སྣེར་འཇུས་པ་ཡིན། འཚོ་བ་ནི་དགའ་སྐྱོ་གླུ་རུ་ལེན་པའི་གར་སྟེགས་ཤིག་རེད། དེ་རུ་བྲོ་འཁྲབ་ཆོག་ལ་གཞས་ཀྱང་གཏང་ཆོག། དཀའ་སྡུག་གི་འབྲས་བུ་ཟེར་ན་ཆེན་པོ་ཞིག་སྟོན་རྒྱུ་མེད་ཀྱང་དུས་དེ་རིང་ལ་ཐུག་གི་བར་དུ། ངས་སློབ་གྲྭར་མི་འགྲོ་ཟེར་ནས་མནའ་ཚིག་བཞག་མ་མྱོང་ལ་སློབ་གྲྭར་སུན་གི་ཟེར་ནས་གནང་བའང་གཏན་ནས་ཞུས་མ་མྱོང་། སློབ་གྲྭ་འགྲོ་ཁར་རང་དབང་མེད་པར་བྱིས་དུས་དྲན་ལ་བྱིས་དུས་ཀྱི་སློབ་གྲྭ་འགྲོ་ཁའི་འཚོ་བ་དྲན། འདི་ནི་ན་ཚོད་ཀྱིས་དེད་པའི་རྒས་རྟགས་ཤིག་ཡིན་ཟིན་ལ་གོ་རིམ་ཞིག་ཀྱང་ངེས་པར་དུ་ཡིན་ངེས་སྙམ་མོ།།MJL康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        དེ་རིང་གི་གནམ་གཤིས་དེ་འདྲ་བཟང་རྒྱུ་མི་འདུག། ང་རང་སྔ་མོ་ནས་མལ་ལས་ལངས་ཏེ་ཁ་ལག་གཙང་མ་ཞིག་བཀྲུས་རྗེས་ཨ་མས་བསྐོལ་བའི་ནངས་ཇ་ཞིམ་པོ་དེ་འཐུངས་རྗེས་ཞོགས་བསང་ཀྱི་དུད་པ་དང་ལྷན་དུ་ལམ་ལ་ཆས་པ་ཡིན། དངོས་པོ་ཚང་མ་རླངས་འཁོར་དུ་བཞག་རྗེས་རྨོ་མོ་དང་ཨ་མ་གཉིས་ལ་མཇུག་མཐའི་གྱེས་ཚིག་བྲིས་པ་ཡིན། ཆར་པ་སམ་སིམ་ཞིག་འབབ་ཀྱིན་འདུག་ལ་བྱ་འདར་རི་བོའི་སྟེང་དུ་སྨུག་པ་ཞོ་གསར་ལྟ་བུ་ཞིག་ག་ལེར་འཁྱིལ་འདུག། ཧ་ཅང་ཁ་ཁུ་སིམ་པའི་ཞོགས་པ་འདིར་ངེད་ཚང་གི་སྒོ་ཁྱི་དོམ་བུས་ཀྱང་མིག་ཟུང་ངའི་རྗེས་སུ་ཅེར་འདུག། བདག་གི་རྨོ་མོའི་མིག་མཐར་འཁྱིལ་བའི་མཆི་མ་དང་སྔར་ལས་མང་བའི་རྒས་གཉེར། དུང་ལྟར་དཀར་བའི་སྐྲ་ལོ། ཐུང་ཞིང་སྒུར་བའི་གཟུགས་པོ་དག་གིས་ངའི་ཡིད་སེམས་ཀྱི་ཚོར་བ་མག་མོག་གྱུར་སོང་། ཨ་མའི་ཁྱར་ཁྱོར་གྱི་ཕྱག་ལས་སྒོར་མོ་འགའ་ང་ལ་གཏད་ནས་དགོང་ཇ་ཞིག་འཐུང་སྤྱད་བྱེད་གསུང་དུས་ངའི་མིག་ཟུང་གི་མཆི་མའང་རང་དབང་མེད་པ་ཞིག་རེད། སློབ་གྲྭ་འགྲོ་ཁར། ངས་མིག་ཟུང་ཤེད་ཀྱིས་བཙུམས་ནས་ཕ་ཡུལ་གྱི་ཞེན་ཆགས་རྒྱང་དུ་གཡུགས་པ་ཡིན། ཕུགས་བསམ་གྱི་ལམ་སྣེར་འཇུས་པའི་སློབ་མ་ཞིག་ལ་མཚོན་ན་ཡོད་ཚད་ཀྱི་ཡོད་ཚད་རྒྱང་རིང་གི་ཕུགས་བསམ་ལ་བཅོལ་ཡོད། སློབ་གྲྭ་འགྲོ་ཁར། ལྟོས་དང་།ཤར་རིའི་རྩེ་ན་ཉི་མ་གཞོན་ནུ་དལ་བུར་འཆར་ལ་བྱ་འདར་རི་བོ་དང་བཙུན་མོ་འབུམ་སྐྱིད་གཉིས་ནི་ཡུན་རིང་མ་མཇལ་བའི་མཛའ་གྲོགས་འཕྲད་པ་དང་འདྲ་བར་གཞི་གཅིག་ཏུ་བསྣོལ་འདུག། ངེད་ཚང་གི་སྒོ་ཁར་འབབ་པར་དགའ་བའི་ཅོ་ཀ་ཆུང་ཆུང་དེ་ཡང་དེ་རིང་ཞོགས་པ་ནས་སྐད་སྙན་གཏོང་གིན་འདུག། གཞི་ཁྱོན་ཆེ་བའི་བྱ་འདར་རྩྭ་ཐང་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། ཞོགས་པའི་ཉི་མ་གཞོན་དུ་གཡུ་གཞོངས་རྩྭ་ཐང་འདིའི་ཕང་བར་འཕྲོས་ཚེ།བྱེའུ་ཆུང་དག་གི་སྐད་སྙན་གྱིས་རྩྭ་ཐང་གི་ཞོགས་པ་འདི་གཞི་ནས་བཟི་འདུག། སྐབས་འདིར་ངས་ཁྲི་སེམས་དཔའ་ལགས་ཀྱི་གྲོ་ཞིང་ཁ་དང་ལྷ་བྱམས་རྒྱལ་གྱི་མར་ནང་གྲོང་ཚོ། མཛེས་སེ་ལགས་ཀྱི་སྦྲེལ་ནག་གྲོང་རྡལ། ལྷ་ཆེན་རྒྱལ་གྱི་ཕ་ཡུལ་བདའ་ཚང་སོགས་ཀྱང་རང་དབང་མེད་པར་དྲན་ཡོང་ངོ་།།MJL康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        མི་བུ་གྲངས་མེད་ཅིག་ཕ་ཡུལ་དང་བྲལ་ཡང་ནམ་ཡང་ཕ་ཡུལ་བརྗེད་མེད། རྩྭ་ཐང་ནས་ལམ་ལ་ཆས་པའི་སྟག་ཤར་གྲངས་མེད་ཅིག།མཛངས་མ་མང་དག་ཅིག། ཕ་ཡུལ་དང་གྱེས་ཀྱང་མིག་ཟུང་ནམ་ཡང་ཕ་ཡུལ་དུ་གཡེང་ཡོད། གནའ་མིའི་ཁ་དཔེར་མི་རྒས་ན་ཡུལ། བྱ་རྒས་ན་ཚང་ཟེར་བ་ཞིག་དང་བྱ་ནམ་མཁར་འཕུར་ཡང་གྲིབ་མ་ས་ཐོག་ཟེར་བ་ཞིག་གི་གོ་དོན་རྟོགས་ཡོང་། སློབ་གྲྭ་འགྲོ་ཁར། ཨ་མའི་སྤྱན་ཟུང་གི་སྐྱེལ་མ། རྨོ་མོའི་བརྩེ་འདང་གི་རུ་མ། བྱེའུ་ཆུང་ཅོ་གས་རྩྭ་ཐང་ལ་བླངས་བའི་གླུ་དབྱངས། ལྷ་རྟ་གྲོ་བོས་སྐྱེལ་མ་ལ་བཏང་བའི་འཚེར་སྐད། བྱ་འདར་རི་བོའི་སྨོན་འདུན་ལ་བཏགས་པའི་མཐུ་སྨོན། ད་ནི་ང་ཡང་ལམ་སྣེ་གང་ཞིག་གི་ལམ་པ་ཡིན་པ་འདྲ། ཕ་ས་ཕ་ཡུལ། ལྷ་སྡེ་མི་སྡེ། ཁྱེད་རང་བདག་གི་སེམས་ལ་ཐོགས་པའི་གཤོག་པ་ཡིན་ནོ།།MJL康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论