སློབ་ཆུང་སློབ་མའི་སློབ་དེབ་དང་རྩོམ་སྒྲིག་བྱེད་སྟངས་སྐོར་ལ་དཔྱད་པ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

སློབ་ཆུང་སློབ་མའི་སློབ་དེབ་དང་རྩོམ་སྒྲིག་བྱེད་སྟངས་སྐོར་ལ་དཔྱད་པ།

ཡོང་ཁུངས། :   རྩོམ་པ་པོ། :   ཀློག་གྲངས །: སྤེལ་དུས། : 2020-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

       སློབ་དེབ་ནི་མི་རིགས་ཀྱི་རྗེས་རབས་པ་ཞིག་སྐྱོང་བའི་རྟེན་དང་ཁྲིད་པའི་མིག་ལྟ་བུ་ཡིན་པས་འདི་ལ་མཐོང་ཆེན་དང་ཞིབ་འཇུག་བྱེད་པ་ནི་དོན་གྱིས་མི་རིགས་ཤིག་དང་མི་རབས་ཤིག་ལ་ཞིབ་འཇུག་དང་མཐོང་ཆེན་བྱེད་པ་ནང་བཞིན་རེད། དེ་བས་སློབ་དེབ་རྩོམ་སྒྲིག་འདི་སློབ་མ་འགའ་དང་དགེ་རྒན་འགའ་ལ་ཐུག་པའི་གནད་དོན་ཞིག་མིན་པར་མི་རིགས་ཤིག་དང་འབྲེལ་བའི་གནད་དོན་ཆེན་པོ་ཞིག་ཡིན། མི་རིགས་ཀྱི་ལས་དོན་ལས་ཆེས་གལ་ཆེ་བ་ནི་སྐད་ཡིག་གི་ལས་དོན་ཡིན་པས་སློབ་དེབ་རྩོམ་སྒྲིག་གི་བྱ་བ་ནི་དེའི་ནང་གི་ཡང་གལ་ཆེན་ཞིག་ཡིན་ལ། སློབ་ཆུང་སློབ་མའི་སློབ་དེབ་ནི་སློབ་དེབ་ཀུན་ལས་ཀྱང་ཆེས་གཞི་མར་གྱུར་པས་སློབ་དེབ་རྩོམ་སྒྲིག་ཁང་ཁོ་ནར་བལྟས་ནས་སྡོད་འོས་པའི་བྱ་བ་ཞིག་མིན་པ་ཡང་ཀུན་གྱིས་ཤེས་དགོས་པ་ཞིག་ཡིན།
        དཔྱད་གཞིའི་དབང་གིས་བདག་གིས་སྔོན་ནས་ད་ལྟའི་བར་གྱི་སློབ་ཆུང་གི་བོད་ཡིག་གི་སློབ་དེབ་ཚང་མ་མ་མཐོང་ཡང་ད་ལྟ་སྤྱོད་བཞིན་པའི་སློབ་དེབ་འདིར་བལྟས་ན་ བདག་སློབ་ཆུང་དུ་འགྲིམ་དུས་ཀྱི་སློབ་དེབ་ལ་བསྡུར་ན་ཡར་བསྐྱེད་ཆེན་པོ་བྱུང་འདུག དེ་ནི་རྩོམ་སྒྲིག་པ་དག་གིས་འབད་པའི་འབྲས་བུ་ཡིན་པས་རྗེས་སུ་ཡི་རང་དང་ཁས་ལེན་བྱ་དགོས། འོན་ཀྱང་རྩོམ་སྒྲིག་པ་དག་གིས་མུ་མཐུད་དུ་འབད་དེ་འབྲས་བུ་གཡུར་དུ་ཟ་བ་ཞིག་ལོན་པའི་ཆེད་དུ། བདག་གིས་ད་ལྟ་སྤྱོད་བཞིན་པའི་ཞིང་ལྗོངས་ལྔའི་སློབ་ཆུང་གི་སློབ་དེབ་དང་མཚོ་ལྷོ་ཁུལ་གྱིས་བསྒྲིགས་པའི་སློབ་ཆུང་གི་སློབ་དེབ་དག་ལ་ཞིབ་ཏུ་བལྟས་ཤིང༌། སློབ་ཆུང་གི་དགེ་རྒན་དང་སློབ་མ་སྐོར་ཞིག་གི་དགའ་ཕྱོགས་ལ་སློབ་དེབ་ དང་དགེ་སློབ་ཚོའི་བར་གནད་དོན་གང་ཞིག་བྱུང་བར་ཞིབ་འཇུག་བྱས།
        ད་ལྟའི་སློབ་དེབ་དག་ནི་སློབ་ཚན་གང་མང་ཞིག་གཞན་ལས་བསྒྱུར་བས་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་བོད་རིགས་སློབ་མའི་གོ་དཀའ་ཞིང༌། སེམས་པའི་འཁྱེར་སོ་དང་མི་མཐུན་པ། འགྲེལ་དཀའ་བ། བོད་ཀྱི་རིག་གནས་མེད་པ་བཅས་ཀྱིས་སློབ་མ་ལ་ཕན་དེ་འདྲ་ཐོགས་ཀྱིན་མི་འདུག་པས་བསླབ་གཞི་བཅོས་བསྒྱུར་དང་ལེགས་སྒྲིག་བྱེད་པ་ཤིན་ཏུ་གལ་ཆེ། དེ་བས་སློབ་དེབ་ལེགས་པོ་ཞིག་བསྒྲིག་པ་ལ་བརྗོད་བྱའི་དོན་དང༌། རྗོད་བྱེད་ཚིག སློབ་མར་འཚམ་མིན། སྦྱངས་པའི་ཕན་འབྲས་ཀྱི་ཆ་བཅས་ལས་ཞིབ་འཇུག་གནད་དུ་འབབ་པ་ཞིག་བྱ་དགོས་པས་བདག་གིས་རང་གི་བསམ་ཚུལ་འགའ་ཁྱེད་ཅག་གི་དཔྱད་གཞིར་ཨེ་ཕན་སྙམ་ནས་སྦ་གསང་མེད་པར་བརྗོད་པར་བྱ།
དང་བོ། ད་ལྟའི་བོད་ཀྱི་སློབ་དེབ་ཏུ་ཡོད་པའི་གནད་དོན་ལ་དཔྱད་པ།
        ད་ལྟའི་སློབ་དེབ་ནི་ཆེད་ལས་རྩོམ་སྒྲིག་པ་དག་གིས་ལོ་མང་བོའི་ཉམས་མྱོང་གི་སྟེང་རིམ་པ་སོ་སོའི་དགེ་རྒན་མང་བོའི་ཉམས་མྱོང་བླངས་ནས་བསྒྲིགས་པ་ཞིག་ཡིན་པས་བདག་ལྟ་བུས་ཟུར་བལྟས་ལེབ་མཐོང་གིས་སྐྱོན་ཆ་ཞིག་འཚོལ་བ་ཤིན་ཏུ་དཀའ། འོན་ཀྱང་སློབ་ཆུང་དུ་རང་གི་སྐད་ཀྱི་གཞི་ཆགས་ཤིང་རིག་གནས་ཀྱི་ས་བོན་གདབ་དགོས། ལྷག་པར་དེང་གི་སློབ་དེབ་ཀྱི་སྐྱོན་ངེས་ཟིན་ན་མ་འོངས་པའི་སློབ་དེབ་ལ་དགེ་མཚན་འབྱུང་བས་སྐབས་འདིར་བཟང་ཆ་བཤད་པ་ལས་སྐྱོན་བཤད་ན་དགེ་མཚན་ཆེ། སློབ་དེབ་ཀྱི་སྐྱོན་ཆ་ནི་རང་ངོས་ཀྱི་སྐྱོན་ཆ་དང་སློབ་མ་དང་འཚམ་མིན་གྱི་སྐྱོན་ཆ་གཉིས་སུ་འདུས་པ་ལས་ད་ལྟའི་ཞིང་ལྗོངས་ལྔའི་སློབ་དེབ་འདིར་སྐྱོན་ཆ་འདི་གཉིས་ཀ་ཡོད།
1འགྱུར་རྩོམ་མང་དྲགས་པ།
        གཞན་གྱིས་བསྡོམས་རྩིས་བྱས་པ་ལྟར་ན་སློབ་ཆུང་གི་སློབ་དེབ་ཏུ་རྩོམ་ཡིག274ཡོད་པ་ལས91འགྱུར་མ་སྟེ་སློབ་དེབ་ཡོངས་ཀྱི་རྩོམ་ཡོངས་ཀྱི33.22%ཟིན་ཡོད་སྐད། བདག་གིས་ཞིང་ལྗོངས་ལྔའི་མཉམ་འབྲེལ་སློབ་དེབ་དེབ་དང་བོ་ནས་དེབ་བཅུ་གཉིས་པའི་བར་གྱི་སློབ་ཚན་ལ་བསྒྱུར་རྩོམ་གྱི་གྲངས་ཀ་སུམ་ཆའི་གཅིག་ཙམ་ཟིན་ཡོད་པ་མཐོང་བྱུང་དེ་ལས་མང་ཆེ་བ་ཞིག་རྒྱ་ཡིག་གི་སློབ་དེབ་ན་ཡང་ཡོད་འདུག་པས་སློབ་ཚན་འདེམས་སྟངས་ལ་སྐྱོན་ཆ་མི་ཉུང་བ་ཞིག་ཡོད་པ་ཤེས། (1)ཚིག་སྦྱོར་གྱི་ཐད་ནས་སྐྱོན་ཞུགས་པ། འགྱུར་རྩོམ་མང་དྲགས་པས་བོད་ཀྱི་ན་གཞོན་ཀུན་ལ་བག་ཆགས་ངན་པ་ཞིག་བྱུང་སྟེ་ར་མ་ལུག་གི་སྐད་ཆ་ཞིག་བྱུང་ཡོད། ད་ལྟའི་ང་ཚོའི་དུས་དེབ་ཀུན་ཏུ་ར་མ་ལུག་གི་སྐད་ཆ་མང་བ་འདི་སློབ་དེབ་ལ་འབྲེལ་བ་མེད་ཅེས་སུ་ཞིག་གིས་བཤད་ཐུབ། དཔེར་ན་རྒྱལ་སྤྱིའི་བོད་སྐད་ཡིག་ཚོགས་འདུ་ཐེངས་གསུམ་པ་དེ་ཡང་ཐེངས་གསུམ་པའི་སྐད་ཡིག་འཚོགས་འདུ་ཟེར་དགོས་ཞེས་རྩོད་པ་བྱས་ཀྱང་མཐའ་མཇུག་ཐག་མ་ཆོད་པར་ཕྱི་གླིང་བ་བོད་ཡིག་སྦྱངས་པ་ཞིག་ལ་དྲིས་པས་ཁོས་སྒོར་ལྔ་ཟེར་བ་ལས་ལྔ་སྒོར་མི་ཟེར་ཞེས་གནད་དོན་དེ་ཐག་ཆོད་པ་ལྟ་བུ་རེད། (2)དུས་ཚོད་ཆུད་ཟོས་སུ་གཏོང་བ། འགྱུར་ཡིག་གི་སློབ་ཚན་མང་ཆེ་བ་རྒྱ་ཡིག་གི་སློབ་ཚན་དུ་ཡང་ཡོད་པར་བཤད་པས་བོད་རིགས་སློབ་མས་ཐེངས་གཉིས་ལ་སྦྱང་དགོས་པས་དུས་ཚོད་ཆུད་ཟོས་སུ་གཏོང་བ་ལས་མ་འདས། (3)སློབ་མ་ལ་སྦྱངས་འདོད་མེད་པ། སློབ་ཚན་གཅིག་རྒྱ་ཡིག་ལས་སྦྱངས་ནས་སླར་ཡང་བོད་ཡིག་ལས་སྦྱངས་ན་སློབ་མ་ཚོར་སྦྱོང་འདོད་མི་འབྱུང་སྟེ་བོད་འགྱུར་མ་ནི་མ་རྩོམ་རྒྱ་ཡིག་ལྟ་བུའི་ཉམས་གཏན་ནས་མེད་པ་མ་ཟད། སློབ་མ་མང་ཆེ་བས་རྒྱ་ཡིག་ལས་སྦྱངས་པས་སློབ་ཚན་འདི་རིགས་ཀྱི་བརྗོད་བྱ་རྗོད་བྱེད་གང་ལ་ཡང་སྤྲོ་བ་ཅི་ཡང་མི་འདུག་ཟེར། (4)ཁོ་བོས་བལྟས་ན་སློབ་ཆུང་ནི་མི་རིགས་ཀྱི་སྐད་དང་ཡི་གེ་སྦྱོང་བ་གཙོ་བས་ན་འདིའི་སྐབས་སུ་འགྱུར་རྩོམ་གཅིག་ཀྱང་མེད་ན་ལེགས་སྙམ། ད་ལྟ་བོད་རིགས་བྱིས་པས་སྐད་ཆ་དང་ཡི་གེ་སྦྱོང་བར་དཀའ་ངལ་འཕྲད་བཞིན་པས་ན་ཆུང་དུས་ནས་འགྱུར་རྩོམ་སྦྱོང་བ་འདིར་ཕན་པ་ལས་གནོད་པ་ཆེ་སྟེ་སློབ་ཆུང་སྐབས་རིག་གནས་གསར་བ་ནང་འདྲེན་ཟེར་བ་ནི་འབུལ་བ་ར་རིན་མེད་པར་རྡོ་རྗེ་རྟ་རིན་ཤོར་བའི་དཔེ་ལས་མི་འདུག
2རང་གི་རིག་གནས་སྲོག་གིས་དབུལ་བ།
        ད་ལྟའི་སློབ་དེབ་འདི་དག་ནི་འགྱུར་རྩོམ་མང་ཆེ་ཞིང་ནང་དོན་སྒྲིག་སྟངས་ཀྱི་ཆ་ནས་སྒྲ་རིག་པའི་ཆ་ལ་གཞོལ་ཆེ་བ་ལས་མི་རིགས་རང་གི་དགེ་མཚན་ཆེ་བའི་བསམ་བློའི་རིགས་ཕལ་ཆེར་དཀོན་པོ་འདུག་པས་གསལ་བོར་བཤད་ན་ད་ལྟའི་སློབ་དེབ་འདི་རིགས་ནི་མི་རིགས་རང་གི་སྐད་ཀྱིས་མི་རིགས་གཞན་པའི་རིག་གནས་སྦྱོང་བ་ལྟ་བུར་གྱུར་འདུག འདི་ནི་སློབ་ཆུང་ནས་སློབ་འབྲིང་གི་བར་དུ་ཁྱབ་ཡོད་པའི་གནད་དོན་ཆེན་པོ་ཞིག་རེད། གནད་དོན་འདི་ལས་བལྟས་ན་བོད་རིགས་སློབ་མ་དང་ལྷག་པར་སློབ་ཆུང་སློབ་མས་སྦྱང་དཀའ་བ་དང༌། བོད་རིགས་སློབ་མས་རང་གི་རིག་གནས་ལ་དགའ་བ་མི་བསྐྱེད་པའི་རྐྱེན་དུ་འགྱུར་འགྲོ་བ་མ་ཟད་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བའི་གེགས་སུ་འགྱུར་ངེས།
3སློབ་པའི་གོ་རིམ་དང་མི་མཐུན་པ།
        སློབ་ཆུང་གི་སློབ་དེབ་ནི་གཞན་པའི་སློབ་དེབ་དང་མི་འདྲ་བར་བྱིས་པ་དག་དང་འཚམ་དགོས། བྱིས་པ་དང་འཚམ་མིན་ཡང་བརྗོད་བྱའི་ཐད་ནས་བྱིས་པ་དང་མཐུན་མིན་ལ་བལྟ་དགོས་ལ་རྗོད་བྱེད་ཀྱི་ཆ་ནས་བྱིས་པ་དང་འཚམ་མིན་ལ་ལྟ་དགོས། དཔེར་ན་ལོ་རིམ་གཉིས་པའི་སྟོད་ཆ་ལས། ཀྲུང་གོའི་མི། །བརྩོན་འགྲུས་ཆེ། །ཡོན་ཏན་ལྡན། །གསར་བརྗེར་དགའ། །ཞེས་པ་འདིའི་གསར་བརྗེ་ཞེས་པའི་ཐ་སྙད་འདི་ནི་ལོ་རིམ་གཉིས་པའི་སློབ་མར་མཚོན་ན་གཏན་ནས་མི་འཚམ་ཞིང་འགྲེལ་དཀའ་བའི་ཐ་སྙད་ཅིག་རེད།
4བོད་ཀྱི་ཁྱད་ཆོས་ཇི་བཞིན་ཤད་སྤྱད་མེད་པ།
        ཞིང་ལྗོངས་ལྔས་བསྒྲིགས་པའི་སློབ་ ཆུང་གི་སློབ་དེབ་འདིར་མིང་དང་ཚིག་ཐུང་དག་ལ་ཤད་ཅི་ཡང་སྤྱད་མེད་ཅིང༌། དཔེར་ན་མདུན་ཤོག་གི་སྟེང་དུའང་ཆིག་ཤད་ཡོད་ཚད་རྩ་མེད་དུ་བཏང་འདུག་པ་འདིས་སློབ་དེབ་འདི་རིགས་བསྒྲིགས་པའི་རྩ་དོན་ནི་ཤད་འཇོག་མི་དགོས་པ་དེ་རེད། དེ་བས་ང་ཚོས་སློབ་དེབ་ཀྱི་ནང་དུ་ཤད་བཞག་པ་ཚད་ལྡན་ཡིན་མིན་གསལ་བོར་མཐོང་ཐུབ་པ་རེད། སློབ་དེབ་དག་ཁ་ཕྱེས་དུས་མིང་ཡོད་ཚད་ལ་ཤད་བཞག་མེད་ལ་ཚིག་ཐུང་དག་ལའང་ཤད་བཞག་མེད་པ་དེས་སློབ་མ་རྣམས་ཤད་འབྲི་བར་སྐྱོན་ཆེན་པོ་ཞིག་འབྱུང་ངེས། འདི་ལ་བལྟས་ན་རྩོམ་སྒྲིག་པའི་རྩ་དོན་ཞིག་ཏུ་མཐོང་མོད། རྩ་དོན་འདི་ནི་རྩ་བ་ནས་མགོ་རྟིང་ལོག་པ་ཞིག་ཡིན་པས་ངོ་རྒོལ་བྱ་འོས་པ་ཞིག་རེད།
5གཅིག་གྱུར་མེད་པ་དང་ཞུ་དག་མི་འདང་བའི་སྐྱོན།
        ད་ལྟའི་ཞིང་ལྗོངས་ལྔའི་སློབ་དེབ་ཏུ་ཤད་ཀྱི་སྤྱོད་སྟངས་གཅིག་གྱུར་མིན་ཞིང༌། ཐ་སྙད་ཀྱི་གཅིག་གྱུར་ཡོང་མེད་པ་མཐོང་བའི་ཁར་ཡིག་ནོར་ཡང་རེ་གཉིས་མཐོང༌། སྤྱིར་ན་དེབ་གཞན་ལ་ཡིག་ནོར་རེ་གཉིས་ཡོད་ཀྱང་སྐྱོན་དེ་འདྲ་མེད་མོད། སློབ་དེབ་ཅིག་ན་ཡིག་ནོར་བྱུང་བ་ན་སློབ་མ་རྣམས་ཀྱིས་སློབ་དེབ་ལ་ཡིད་ཆེས་ཉམས་འགྲོ་བ་མཐོང༌། དེ་བས་སློབ་དེབ་ཅིག་ཡིན་ན་ཡིག་ནོར་གཅིག་ཀྱང་ཡོད་མི་འོས།
གཉིས་པ། མ་འོངས་པར་བོད་ཀྱི་སློབ་དེབ་བསྒྲིག་པ་ལ་དཔྱད་པ།
        སློབ་ཆུང་གི་སློབ་དེབ་ཚད་ལྡན་ཞིག་བསྒྲིག་པ་ལ་ཚན་རིག་དང་མཐུན་པའི་སྒྲིག་སྟངས་ཤིག་དགོས་ཤིང་ཚན་རིག་དང་མཐུན་པའི་སྒྲིག་སྟངས་ཤིག་མེད་ན་བརྗོད་བྱ་ལེགས་ཀྱང་ས་ཆོད་མེད་པར་འགྱུར་ངེས། དེ་ལས་ཐུགས་མཉམ་འཇོག་དགོས་པ་ནི་དང་བོ་གོ་རིམ་སློབ་པའི་རིམ་པ་དང་མཐུན་དགོས་ལ། བརྗོད་བྱ་རྗོད་ཚུལ་གོ་སླ་བ། ཉམས་མཚར་བ། མི་རིགས་ཀྱི་སེམས་ཁམས་དང་མཐུན་པ། བརྡ་སྤྲོད་ཀྱི་ཆོས་ཉིད་དང་མཐུན་པ་བཅས་གནད་དུ་གཟུང་འོས།
དང་བོ། བསླབ་པའི་རིམ་པ་དང་མཐུན་པའི་སློབ་དེབ་བསྒྲིག་དགོས།
(1) བྱིས་གཉོར་ཁང་གི་བྱིས་པའི་སློབ་དེབ་ཅིག་བསྒྲིག་དགོས།
        ད་ལྟ་བོད་ཀྱི་སྡེ་བ་སོ་སོ་ན་ཡང་བྱིས་གཉོར་ཁང་འཛུགས་བཞིན་ཡོད་པས་སློབ་དེབ་སྒྲིག་ཕྱོགས་ཐད་ནས་དེ་ལ་བསམ་གཞིག་གནང་དགོས། བདག་གིས་བརྟག་དཔྱད་ཀྱིས་ཤེས་པ་ལྟར་ན་བོད་རིགས་སློབ་མ་བོད་ཡིག་ལ་དགའ་མི་དགའ་ནི་བྱིས་གཉོར་ཁང་ལ་འབྲེལ་བ་ཆེན་པོ་ཡོད་དེ། བྱིས་གཉོར་ཁང་ནས་རྒྱ་སྐད་དང་རྒྱ་ཡིག་ཁོ་ན་ལས་མ་སྦྱངས་ན་བྱིས་པར་བོད་ཡིག་གི་བག་ཆགས་དེ་རྒྱ་ཡིག་གི་བག་ཆགས་ལས་ཞན་པར་གྱུར་ནས་བོད་ཡིག་ལས་རྒྱ་ཡིག་ལ་དགའ་བ་ཤས་ཆེ་བ་རེད།
        སྔོན་ཆད་བོད་རིགས་བྱིས་པ་ཕ་མས་གཉོར་ཞིང་རང་དང་འདྲ་བའི་བྱིས་པའི་ཁྲོད་ནས་བོད་སྐད་སྦྱོང་བཞིན་འཚར་ལོངས་བྱུང་བ་ཡིན་རུང་ད་ལྟ་ཆུང་དུས་ནས་བྱིས་གཉོར་ཁང་དུ་འཚར་ལོངས་བྱུང་བས་འདིས་གནས་ཚུལ་དེ་རྩ་བ་ནས་འགྱུར་ལྡོག་འབྱུང་བཞིན་ཡོད་པས། ང་ཚོས་ངེས་པར་བྱིས་གཉོར་ཁང་ནས་བོད་ཡིག་དང་བོད་སྐད་སྦྱོང་བའི་ལས་ལ་འཇུག་དགོས་པ་མ་ཟད། ཆུང་ངུ་ནས་ཀ་ཁ་ངོས་ཟིན་པ་དང༌། བོད་སྐད་ངོས་ཟིན་པ།  རང་ཉིད་བོད་ཡིན་པ་ངོས་ཟིན་པར་བྱ་བ་གལ་ཆེ་བས་བྱིས་གཉོར་ཁང་གི་སློབ་དེབ་ཅིག་བསྒྲིག་པ་ནི་དུས་རབས་ཀྱིས་སྐྱེལ་ཡོང་བའི་འགན་ཁུར་ཞིག་རེད།
(2)བརྗོད་བྱ་བསླབ་པའི་རིམ་པ་དང་མཐུན་དགོས་པ།
        སློབ་དཔོན་ཐོན་མིས་བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང༌། །ཤེས་རབ་མྱུར་ཏུ་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་བསླབ་པའི་རིམ་པ་ཞིག་དགོས་པ་རེད། སྤྱིའི་ཆ་ནས་བཤད་ན་དེང་གི་སློབ་དེབ་དག་གིས་སློབ་པའི་རིམ་པ་འདི་གནད་དུ་བཟུང་བ་ལེགས་ཀྱང་ད་དུང་མི་འདང་ས་ཤིན་ཏུ་མང༌། འདི་ནི་ང་ཚོས་བསྒྲུབ་དཀའ་བ་ཞིག་ཡིན་ཏེ་སློབ་དེབ་སྒྲིག་མཁན་དག་དང་སློབ་མའི་བར་རྒྱུས་ལོན་གསལ་བོ་ཞིག་འབྱུང་དཀའ་ ཞིང༌། ད་ལྟའི་དགེ་རྒན་དག་ཀྱང་ལོ་རིམ་གྱི་དགེ་རྒན་ལས་ལོ་རིམ་དང་བོ་ཁྲིད་ནས་རིམ་བཞིན་ལོ་རིམ་དྲུག་པའི་བར་དུ་ཁྲིད་པ་ཞིག་ཤིན་ཏུ་ཉུང་བ་རེད། དེ་བས་བསླབ་པའི་གོ་ རིམ་འདི་ལ་ཞིབ་འཇུག་བྱེད་པ་ཤིན་ཏུ་དཀའ་ན་ཡང༌། སྤྱིའི་ཆ་ནས་འདི་ལྟར་བཤད་ཆོག་སྙམ།1 བྱིས་གཉོར་ཁང་ནས་ཀ་ཁ་ནས་སྔོན་འཇུག་དང་རྗེས་འཇུག་བར། ད་དུང་སློབ་ ཚན་རེ་རེའི་རྗེས་སུ་དགེ་རྒན་གྱིས་བཤད་རྒྱུའི་གཏམ་རྒྱུད་ལེགས་པོ་རེ། 2ལོ་རིམ་དང་བོ་སྟོད་ཆ་ནས་འཕྲལ་ཀློག སྨད་ཆ་ནས་སྦྱོར་ཀློག ལོ་རིམ་གཉིས་པ་ནས་འབྲི་བ་དང་ཀློག་པ་ཟུང་འབྲེལ། 3ལོ་རིམ་གསུམ་པ་ནས་དག་ཆ་ལ་སྦྱོང་བ་བཅས་སློབ་མའི་བསླབ་པའི་གོ་རིམ་ཞིག་དགོས།
(3)ཐ་སྙད་སྦྱོང་བ་ལ་བསྐྱར་བཟློས་མེད་པ་ཞིག་དགོས།
        ད་ལྟའི་སློབ་དེབ་དག་ཏུ་སློབ་ཆུང་ནས་དག་ཡིག་ཡོད་ལ་སློབ་འབྲིང་ནས་ཀྱང་དག་ཡིག་ཡོད། འོན་ཀྱང་མང་ཆེ་བ་བསྐྱར་ཟློས་སུ་སོང་བས་སློབ་ཆུང་གི་དག་ཡིག་དང་སློབ་འབྲིང་གི་དག་ཡིག་གི་ཚད་གཉིས་མི་འདྲ་བ་དགོས་ལ། མཐོ་འབྲིང་གི་དག་ཡིག་དང་དམའ་འབྲིང་གི་དག་ཡིག་གི་ཚད་ཀྱང་མི་འདྲ་བ་དགོས། སློབ་ཚན་འདེམས་སྟངས་ཀྱང་དེ་བཞིན་བསམ་གཞིག་བཏང་ན་ལེགས།
(4)སློབ་མས་ལོ་རིམ་དང་བསྟུན་ནས་ཤེས་དགོས་པའི་ཚད་གཞི་ཞིག་དགོས།
        སློབ་ཆུང་གི་སྐབས་སུ་ལོ་རིམ་དང་བོས་ཐ་སྙད་གང་ཞིག་སྦྱོང་དགོས་པ་དང་གཉིས་པས་གང་ཞིག་སྦྱོང་བ་སོགས་སློབ་ཆུང་ནས་ཇི་འདྲ་ཞིག་སྦྱོང་དགོས་པ་ཚད་ཅིག་ཡོད་ན་སློབ་དེབ་སྒྲིག་པའི་སྤྱི་ཁོག་ངེས་ཐུབ་པ་ཡིན། དེ་མིན་དཀྱུ་ས་བོར་ནས་རྟ་རྒྱུགས་པ་བཞིན་དུ་སྒྲིག་མཁན་ལ་ངེས་གཏད་མེད་འགྲོ་ལ་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་དམིགས་གཏད་བོར་ངེས།
(5)སློབ་ཆུང་དགེ་རྒན་གྱི་ཟུར་ལྟའི་དཔྱད་གཞི་བསྒྲིག་དགོས་པ།
        བདག་གིས་སློབ་ཆུང་གི་དགེ་རྒན་དག་ལ་བརྟག་དཔྱད་བྱས་ཚེ་ཁོང་རྣམ་པར་དཀའ་ངལ་ཆེས་ཆེ་བ་ནི་སློབ་ཁྲིད་དཔྱད་གཞི་ཚད་ལྡན་ཞིག་མེད་པ་དེ་རེད། དེ་བས་སློབ་དེབ་ཀྱི་དཀའ་ངལ་དག་ཐག་གཅོད་ཐུབ་ཀྱིན་མེད་པས་མི་བསྐྱུར་ག་མེད་བྱུང་འདུག ད་ལྟ་ཟུར་བལྟའི་དཔྱད་གཞི་རེ་འགའ་ཡོད་པ་ཡང་དར་ཤུད་སྟེགས་པ་ལྟ་བུ་རེད་ཟེར།
        དེ་བས་དགེ་རྒན་གྱི་ཟུར་བལྟའི་དཔྱད་གཞི་ནི་ནང་དོན་གྱི་ཆ་ནས་སློབ་དེབ་ལས་རྒྱ་ཆེ་ཞིང་ཞིབ་ལ་དགེ་རྒན་གྱིས་སློབ་མར་ཁྲིད་པར་ཁ་ཕྱོགས་དགོས་པ་མ་ཟད་དགེ་རྒན་གྱི་སློབ་ཚན་དེའི་སྐོར་ཞིབ་ཏུ་སྦྱང་ས་ཞིག་ཡིན་དགོས། ལྷག་པར་ད་ལྟའི་དགེ་རྒན་སྐོར་ ཞིག་གི་སློབ་དེབ་ཁྲིད་ཐུབ་ཀྱིན་མེད་པས་རབ་ཡིན་ན་དགེ་རྒན་གྱི་ཟུར་བལྟའི་དཔྱད་གཞི་དང་མཉམ་དུ་དེ་ཁྲིད་པའི་འོད་སྡེར་རེ་ཡང་ངེས་པར་མཁོ། བདག་གིས་དཔྱད་ནས་ཤེས་པ་ལྟར་ན་མཚོ་ལྷོའི་སློབ་དེབ་ལ་དེ་ལྟ་བུའི་ཟུར་བལྟའི་དཔྱད་གཞི་མེད་པས་དགེ་རྒན་ཚོར་དཀའ་ལས་ཆེས་ཆེ་བ་ཞིག་འབྱུང་བཞིན་ཡོད་པས་སློབ་མ་ཚོར་སློབ་དེབ་ཀྱི་ཤེས་བྱ་ལོབས་པ་ལ་ཡང་བར་ཆད་ཆེན་པོ་བྱུང་ཡོད་པ་མཐོང༌།Hz2康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

གཉིས་པ། སློབ་དེབ་སྒྲིག་པ་ལ་རང་གི་སྐད་དང་རིག་གནས་གཞིར་གཟུང་དགོས།
        བོད་ཡིག་གི་སློབ་དེབ་ནི་མི་རིགས་ཀྱི་སྒྲ་རིག་པའི་སློབ་དེབ་ཁོ་ན་མ་ཡིན་པར་མི་རིགས་ཀྱི་རིག་གནས་ཀྱི་སློབ་དེབ་ཀྱང་ཡིན་དགོས། དེ་བས་སྒྲ་རིག་པའི་ཤེས་བྱ་སྦྱང་དགོས་པའི་ཁར་དེ་ལས་གཞན་པའི་རིག་གནས་ཀྱང་གང་ལ་གང་འཚམ་དུ་སྦྱང་དགོས་པས་དེའི་ཕྱོགས་ལའང་བསམ་གཞིག་གཏང་དགོས། ལྷག་པར་བོད་ཡིག་སློབ་དེབ་ཅིག་ཡིན་ན་ངེས་པར་སློབ་མ་དགའ་བ་ཞིག་འབྱུང་བ་ནི་ངེས་པར་གལ་ཆེ་སྟེ། དབྱི་སི་རལ་གྱིས་བྱིས་པ་དགའ་བའི་ཆེད་དུ་སློབ་དེབ་ཀྱི་སྟེང་དུ་སྦྲང་རྩི་བསྐུས་ཡོད་སྐད།
1བོད་ཀྱི་རིག་གནས་བརྗོད་བྱའི་སྙིང་དུ་འཇོག་དགོས།
        ད་ལྟའི་ང་ཚོའི་ཞིང་ལྗོངས་ལྔའི་སློབ་དེབ་འདི་དག་ལས་བོད་ཀྱི་རིག་གནས་དང་ལྷག་པར་བསམ་བློའི་སྐོར་གྱི་སློབ་ཚན་མེད་པའམ་ཡང་ན་མ་སྟོངས་ཙམ་རེད། དེ་བས་བོད་རང་གི་བྱིས་པ་ལ་སློབ་གསོ་གཏོང་སྟངས་དེ་དམིགས་སུ་བཟུང་ནས་སློབ་ཚན་འདེམས་ན་ལེགས།
(1)བྱིས་པའི་སེམས་ཁམས་དང་མཐུན་ཞིང་རང་བྱུང་ཁམས་ལ་བསམ་གཞིག་གཏོང་བའི་ཨ་མཚར་མཚར་དགུ་དང་གླུ་རྩེད་རིགས་སོགས་བྱིས་པའི་ངག་རྩེད་སྣ་ཚོགས་བཀོད་ན་གཅིག་ཏུ་བྱིས་པར་སྤྲོ་བ་ཆེ་ཞིང་གཉིས་སུ་བློ་རྒྱ་བསྐྱེད་ཅིང་ཐ་སྙད་སྣ་ཚོགས་ངེས་སླ། (2)  དུས་ཆེན་དང་དམངས་སྲོལ། གེ་སར་སོགས་རིག་ཚན་གང་ཞིག་ཡིན་རུང་སྤྱི་བཤད་བཀོད་ན་བྱིས་པས་སློབ་དེབ་ལ་དགེ་རྒན་གྱིས་ཀྱང་ཁྲིད་བདེ། སྦྱངས་པའི་ཡོན་ཏན་ཡང་ལེགས། (3)བོད་རང་གིས་བྱིས་པར་སློབ་གསོ་གཏོང་དུས་བསམ་བློའི་གཏིང་ཟབ་པའི་བྱིས་སྒྲུང་སྤྱོད་པ་བཞིན་ང་ཚོའི་སློབ་དེབ་ཏུ་དེ་རིགས་སྤྱད་ན་གཅིག་ཏུ་སློབ་མར་སློབ་གསོ་ཐེབས་ངེས་ལ་གཉིས་སུ་སློབ་མས་སྤྲོ་བ་བསྐྱེད་ནས་དེ་འདྲའི་སྒྲུང་གཏམ་ལ་དགའ་བ་བསྐྱེད་ཅིང་དེ་ནས་རིམ་བཞིན་བོད་ཀྱི་རིག་གནས་ལ་འཇུག་ཐུབ།
        བདག་གིས་རང་ཉམས་ལ་དཔག་དུས་རང་ཉིད་བོད་ཀྱི་རིག་གནས་ལ་འཇུག་བྱེད་སློབ་དེབ་མ་ཡིན་པར་དགེ་རྒན་གྱིས་བཤད་པའི་གཏམ་རྒྱུད་དེ་དག་རེད། སྐབས་འདིར་ཤེས་རྒྱུ་ནི་བྱིས་པའི་ངག་རྩོམ་འགོད་དུས་མི་རིགས་རང་གི་བྱིས་པའི་ངག་རྩོམ་འདེམས་པ་ལས་མི་རིགས་གཞན་པའི་དེ་འདེམས་ན་མི་ཤེས་ཏེ་མཚོ་ལྷོའི་སློབ་དེབ་ཏུ་ཕྱི་གླིང་བའི་བྱིས་པའི་ངག་རྩོམ་འདེམས་པ་དེར་དགོས་པ་ཅི་ཡང་བྱུང་མི་འདུག
2 བྱིས་པའི་སེམས་པའི་འཁྱེར་སོ་དང་མཐུན་དགོས།
        མི་རིགས་ཀྱི་སེམས་ཀྱི་འཁྱེར་སོ་མི་འདྲ་བ་དང་མི་རིགས་ཀྱི་འཚོ་བ་རོལ་བའི་ཁོར་ཡུག་མི་གཅིག་པའི་དབང་གིས་པེ་ཅིང་གྱི་སློབ་མས་སྦྱང་སླ་བའི་སློབ་ཚན་དེ་བོད་ཀྱི་སློབ་མས་སྦྱོང་སླ་བའི་ངེས་པ་མེད་ལ། རྒྱ་རིགས་སློབ་མས་སྦྱོང་སླ་བའི་སློབ་ཚན་དེ་བོད་རིགས་སློབ་མས་སྦྱང་སླ་བའི་ངེས་པ་མེད་པ་ནི་ཆོས་ཉིད་ཅིག་རེད། དེར་མ་ཟད་རོང་བའི་སློབ་མས་སྦྱང་སླ་བ་འབྲོག་པས་སློབ་མས་སྦྱང་སླ་བའི་ངེས་པ་མེད་དེ། དཔེར་ན་ཞིང་ལས་སྐོར་གྱི་ཡོ་བྱད་དེ་རོང་བའི་སློབ་མས་སྦྱང་སླ་ལ་འབྲོག་པས་སྦྱང་དཀའ་བ་ཡིན། དེ་བཞིན་ཨ་མདོ་བས་སྦྱང་སླ་བ་དབུས་གཙང་བ་དང་ཁམས་པས་སྦྱང་སླ་བའི་ངེས་པ་མེད། ཡིན་ན་ཡང་མི་རིགས་རང་གི་རྩོམ་རིག་ནི་མི་རིགས་དེའི་བྱིས་པས་སྦྱང་སླ་བ་ཆོས་ཉིད་ཡིན།
        ད་ལྟའི་སློབ་དེབ་ཀྱི་སློབ་ཚན་མང་བོ་མི་རིགས་གཞན་གྱི་སློབ་མའི་སེམས་ཀྱི་འཁྱེར་སོ་དང་བསྟུན་པས་བོད་རིགས་སློབ་མའི་སེམས་ཀྱི་འཁྱེར་སོ་དང་མི་མཐུན་པས་སྦྱོང་འདོད་པའི་སྤྲོ་བ་ཆུང་ལ། སྦྱངས་པའི་ཡོན་ཚད་ཀྱང་དམའ། དེ་བས་སློབ་ཚན་དེ་དག་ནི་སེམས་པའི་འཁྱེར་སོའི་ཆ་ནས་བཤད་ན་བོད་རིགས་སློབ་མས་སྦྱང་དཀའ་བས་བོད་ཡིག་ལ་སྤྲོ་བ་མེད་པའི་རྐྱེན་གཙོ་བོ་འདི་ལ་ཐུག་ཡོད། བདག་གི་སློབ་མ་མང་བོར་བརྟག་དཔྱད་ལས་ཤེས་པ་ནི་བོད་ཀྱི་སློབ་དེབ་ནི་བྱིས་པའི་སེམས་པའི་འཁྱེར་སོ་དང་མི་མཐུན་ཞིང་རྒྱའི་སློབ་དེབ་བྱིས་པའི་སེམས་པའི་འཁྱེར་སོ་དང་མཐུན་པའི་ཚུལ་ཡོད་འདུག
(1)བྱིས་པ་དགའ་བའི་རི་མོ་མང་དགོས།
        བྱིས་པ་དག་ནི་ཡི་གེ་ལས་རི་མོར་དགའ་ཞིང་རི་མོ་ལས་ཡི་གེར་འཇུག་པ་ནི་འགྲོ་བ་མིའི་ཐུན་མོང་གི་ཁྱད་ཆོས་ཤིག་རེད། དེ་བས་ལོ་ན་ཇི་འདྲར་ཆུང་ན་དེ་བཞིན་དུ་རི་མོ་མང་དགོས་ལ་བྱིས་པས་བལྟ་འདོད་པའི་རི་མོ་ཡིན་དགོས། རྒྱ་ཡིག་ལ་དགའ་ཞིང་ཡོན་ཚད་མཐོ་བའི་སློབ་མ་ཞིག་གིས་མོ་ཇི་ལྟར་རྒྱ་ཡིག་ལ་དགའ་བའི་རྐྱེན་བཤད་དུས། ལོ་རིམ་དང་བོའི་སྐབས་སུ་རྒྱ་ཡིག་ལ་དགའ་དོན་སློབ་དེབ་དེར་མོ་དགའ་བའི་རི་མོ་མང་ཞིང་བོད་ཡིག་སློབ་དེབ་ན་དེ་མེད་པས་མོས་ཡིད་དབང་རྒྱ་ཡིག་སློབ་དེབ་ཀྱིས་དྲངས་ནས་སྦྱོང་བའི་སྤྲོ་བ་བྱུང་བ་ཡིན་ཟེར།
(2)བརྗོད་བྱ་རྗོད་བྱེད་གོ་སླ་དགོས།
        བརྗོད་བྱ་གོ་སླ་ཞིང་གོམས་ཤིང་འདྲིས་པ་ཡིན་ན་བྱིས་པས་སྦྱང་འདོད་ཅིང་དེ་ལས་ལྡོག་ན་སྦྱོང་མི་འདོད་པར་འགྱུར་འགྲོ། བྱིས་པ་མང་བོ་ཞིག་ལ་དྲིས་དུས་ཁོ་ཚོ་རྒྱ་ཡིག་ལ་དགའ་ཟེར། བོད་ཡིག་ལ་མི་དགའ་བའི་རྒྱུ་མཚན་ནི་གོ་དཀའ་བ་དེ་རེད་ཅེས་བཤད་བྱུང༌། སློབ་ཚན་ལས་བརྟག་ནས་ཤེས་པ་ནི་ཁོ་ཚོས་འདྲིས་ཆ་མེད་པའི་སློབ་ཚན་ཤེས་དཀའ་ཞིང་འདྲིས་ཆ་ལྡན་པའི་སློབ་ཚན་ཤེས་སླ་ཞིང་དགའ་བ་དེ་རེད། བདག་གིས་དགེ་སློབ་དག་ལ་བརྟག་དཔྱད་བྱས་པ་ལས། མི་རིགས་ཀྱི་ཁྱད་ཆོས་འབྲེལ་འདྲིས་ཆེ་བ་དང་སེམས་འདྲིས་སུ་སོང་བ་དག་ནི་སློབ་མ་དག་གིས་ངེས་སླ་ལ་དགེ་རྒན་ལ་ཡང་ཁྲིད་བདེ། དཔེར་ན་མཚོ་ལྷོའི་སློབ་དེབ་ཏུ་བཀོད་པའི་མཛུབ་མོའི་ངོས་འཛིན་དང༌། ལོ་ལོ་མ་ངུ་གཉིད་ལ་སྡོད་ལྟ་བུ་སྦྱང་སླ་ཞིང༌། དགེ་སློབ་དག་ལ་འདྲིས་ཆ་མེད་པའི་སྔོ་སྨན་རིགས་སྦྱང་དཀའ་ལ་སྦྱངས་ཀྱང་བརྗེད་འགྲོ།
(3) རྩེད་མཚར་གྱི་ཉམས་དང་མཐུན་པ་ཞིག་དགོས།
        བྱིས་པ་ནི་བྱིས་པ་ཡིན་པས་ན་གཞོན་དང་དར་མའི་སློབ་དེབ་སྒྲིག་སྟངས་སྤྱད་ན་གཏན་ནས་མི་འཚམ། བྱིས་པའི་སེམས་ཁམས་ནི་ཐུན་མོང་མ་ཡིན་པའི་འཕྲུལ་སྣང་དང་རྩེད་མཚར་གྱིས་ཁྱབ་པ་ཞིག་ཡིན་པས་སློབ་ཚན་འདེམས་དུས་ཀྱང་དེ་གཞིར་གཟུང་དགོས། བྱིས་པ་མང་ཆེ་བ་གཏམ་རྒྱུད་དང་ལྷག་པར་བྱིས་པའི་གཏམ་རྒྱུད་དང་རྩེད་མཚར་གྱི་རིགས་ལ་ཤིན་ཏུ་དགའ་བ་ནི་ཐུན་མོང་གི་ཁྱད་ཆོས་ཤིག་རེད།
        འདི་ནི་དགེ་རྒན་ཚོས་ཀྱང་སློབ་ཁྲིད་ཀྱི་ཉམས་མྱོང་ལས་ར་འཕྲོད་འདུག དཔེར་ན་མཚོ་ལྷོའི་སློབ་དེབ་ལས་བློན་པོ་རིག་པ་ཅན་ནི་སློབ་མ་རྣམས་ཆེས་དགའ་བའི་སློབ་ཚན་ ཞིག་རེད། དེ་བཞིན་སྙན་ངག་ལས་ཀྱང་བྱིས་པའི་སེམས་ཀྱི་འཁྱེར་སོ་དང་མི་མཐུན་པ་དག་ལ་མི་དགའ་བས་བོད་རིགས་བྱིས་པའི་སེམས་ཀྱི་འཁྱེར་སོ་དང་མཐུན་པའི་བྱིས་པའི་རོལ་རྩེད་དང་གཏམ་རྒྱུད་བཀོད་ན་ལེགས་ཤིང༌། དེ་བས་བྱིས་པའི་རྩོམ་རིག་གནད་དུ་གཟུང་འོས། བྱ་མདོ་རབ་རྒྱས་ཀྱི་བྱིས་པའི་སྙན་ངག་ལས་རེ་གཉིས་འདེམས་ན་བཟང་སྙམ་པས་ཁོང་གི་སྙན་དེབ《གྲུ་ཁ་དང་གཡོར་གྲུ》ལ་ཟུར་བལྟ་བྱ་རོགས།
        ལྷག་པར་བྱིས་གཉེར་ཁང་གི་སློབ་དེབ་དང་ལོ་རིམ་དང་བོའི་སློབ་དེབ་སྒྲིག་དུས་སློབ་ཚན་གླུ་དབྱངས་ཀྱི་རྣམ་པར་བཀོད་ན་བྱིས་པར་སྤྲོ་བ་ཆེ་ཞིང་སྦྱང་འདོད་ཆེ་བས་སློབ་དེབ་ལ་སྤྲོ་བ་ཆེན་པོ་འབྱུང་ཞིང་དེ་བས་བོད་ཡིག་ལ་འདུན་པ་འབྱུང་ངེས།
གསུམ་པ། ཚིག་གི་སྦྱོར་སྟངས་བོད་ཀྱི་སྤྱི་སྐད་ལ་བསྟུན་དགོས།
        བོད་ཡིག་གི་སློབ་དེབ་ནི་བོད་ཀྱི་སྤྱི་སྐད་དེ་བསྟན་བཅོས་ཀྱི་སྐད་ཆ་གཞིར་བཟུང་ནས་བསྒྲིག་དགོས་པ་སྨོས་མ་དགོས་མོད་ད་ལྟའི་སློབ་དེབ་རེ་འགའ་ཕལ་སྐད་ལ་བསྟུན་པ་ཡང་ཡོད་པས་གཏན་ནས་མི་ལེགས། དེ་བས་སློབ་དེབ་སྒྲིག་དུས་སློབ་དེབ་ཀྱི་མིང་བརྡ་གསར་བ་དག་ནི་ངེས་པར་སྤྱི་སྐད་དང་མཐུན་པ་གལ་ཆེ་ཞིང་ད་སྔ་གཅིག་གྱུར་བྱུང་མེད་པ་དག་མ་བཀོལ་ན་ལེགས། སྤྱི་སྐད་ལ་བསྟུན་ཚུལ་ཀྱང་ཕྱོགས་འདི་དག་ལ་འདུས་སྙམ། (1)བརྡ་སྤྲོད་དང་བསྟུན་པ་དམིགས་སུ་བཟུང་ནས་བརྡ་སྤྲོད་གཅིག་གྱུར་ཡོང་དགོས་ཤིང་ཤད་འཇོག་སྟངས་བརྡ་སྤྲོད་དང་མཐུན་དགོས། བྱ་ཚིག་སྤྱོད་སྟངས་གཅིག་གྱུར་ཡོང་དགོས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་བཀས་བཅད་བཞིན་དག་ཡིག་གསར་བསྒྲིགས་དང་བོད་རྒྱ་ཚིག་མཛོད་ཆེན་མོ་དང་བསྟུན་དགོས།(2)བོད་ཀྱི་བསྟན་བཅོས་ཀྱི་སྐད་སྤྱོད་པ། དེང་སང་གི་སློབ་དེབ་དག་ནི་རྒྱ་ཡིག་ནས་བསྒྱུར་བའི་འགྱུར་ཚིག་གི་ཤན་ཆེ་བས་བོད་ཀྱི་སྐད་གཙང་མ་ཞིག་སྦྱོང་བ་ལ་གནོད་པ་ཆེ། དེ་བས་སྐད་ཀྱི་ཆ་ནས་བོད་ཀྱི་སྐད་གཙང་མ་གཞན་གྱིས་ལྷད་ཅི་ཡང་མ་འདྲེས་པར་བཀོལ་དགོས། དཔེར་ན་ང་ཚོ་མདོ་དབུས་ས་མཐོ་རུ་རི་དྭགས་མང༌། ང་ཚོས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་དགོས། གཉིས་ཀྱི་སྔ་མ་ལ་མཚོན་ན་མདོ་དབུས་མཐོ་སྒང་ཞེས་པ་ལོ་རིམ་གཉིས་པའི་བྱིས་པ་ལ་འགྲེལ་དཀའ་བས་དེ་ལས་ང་ཚོ་བོད་ན་རི་དྭགས་མང་ཞེས་སྦྱར་ན་འོས། མདོ་དབུས་མཐོ་སྒང་ནི་མི་རིགས་གཞན་པས་བོད་ཀྱི་ས་ཆར་བཏགས་པ་ལས་སྔོན་ཆད་བོད་ཀྱིས་འདི་ལྟར་བཤད་ སྲོལ་མེད་ལ། འདིར་ཤེས་དགོས་པ་ནི་བོད་ན་རི་དྭགས་ཡོད་པ་དེ་ཡིན་པས་མདོ་དབུས་ མཐོ་སྒང་འདི་འགྲེལ་ན་མདོ་དང་དབུས་མི་བཤད་ག་མེད་ཡིན་ལ་འགྲེལ་བཤད་སྟབས་བདེ་ན་ཧ་མི་གོ་ལ་རྒྱས་ན་སློབ་མས་མགོ་ཉོག་འགྲོ དེ་བཞིན་རི་སྐྱེས་སྲོག་ཆགས་ཀྱང་རྒྱ་སྐད་ཀྱི་ཤན་ཞུགས་པའི་ཐ་སྙད་དེ་བོད་སྐད་ལ་རི་དྭགས་ཞེས་ན་མི་ཆོག་པ་གང་ཡང་མེད་དོ། །།(3)ཁ་སྐད་དང་ཁ་སྐད་ལྟར་མི་སྤྱོད་པ། ད་ལྟའི་སློབ་དེབ་ལ་ལར་ཁ་སྐད་ཀྱི་རྗེས་སུ་འབྲངས་པའི་ཚིག་དཔེར་ན་ཡོད་པ་རེད། བྱེད་ཀི་ཡོད་པ་རེད་ལྟ་བུ་ཚིག་ཉོག་གི་ཚུལ་ཀྱང་ཡོད་མོད། དེ་ནི་ཡོད་དང་བྱེད་ཀྱིན་ཡོད་ལྟ་བུས་ཆོག་པ་ལས་སློབ་མ་རྣམས་ལ་ཚིག་ཉོག་ལ་ལོབས་སུ་འཇུག་མི་རུང༌། དཔེར་ན་མཚོ་ལྷོའི་སློབ་ཆུང་གི་སློབ་དེབ་ལས་དེང་གི་ཚིག་ མཛོད་གསར་བའི་རྗེས་སུ་འབྲངས་ནས་ཀ་རའི་མིང་ལ་སྦྲང་ཞེས་བྲིས་ཡོད་པ་ལྟ་བུ་དང༌། ཡང་ཐིག་ལེ་ཞེས་པ་བོད་ཀྱི་རྩིས་གཞུང་དུ་ཡོངས་སུ་རྒྱུགས་ཆེ་བ་དེ་ཡང་ཀླད་ཀོར་དུ་བསྒྱུར་པ་ལྟ་བུ་སྟེ། ཀླད་ཀོར་ནི་སྔགས་ཡིག་གི་ཀླད་ཀྱི་ཀོར་ཐིག་དེའི་མིང་ཡིན། དེ་ལྟ་བུའི་ཁ་སྐད་ཀྱི་ནོར་བ་རྒྱུན་འབྱམས་ཀྱི་རྗེས་སུ་འབྲངས་ནས་སྤྱི་སྐད་ལ་དབང་ཟ་བ་ཡང་གང་མང་ཞིག་ཡོད་པ་དེ་ནི་སློབ་དེབ་ཅིག་ལ་མཚོན་ན་ཤིན་ཏུ་མཚང་ཆེ་བ་ཡིན། གཞན་ རྩིས་རིག་སོགས་ལས་ལྷ་སའི་སྐད་ཀྱང་གང་མང་ཞིག་འབྱུང་བཞིན་པ་དག་ནི་ངེས་པར་འཛེམ་དགོས་པ་ཞིག་ཡིན། (4)གསར་དུ་བྱུང་བའི་ཐ་སྙད་དག་སྤྱོད་དུས་བརྡ་ཆད་ཚད་ལྡན་གྱི་རིག་པས་བལྟས་ནས་ཚད་དང་མི་མཐུན་པ་དག་དེང་གི་ཐ་སྙད་གསར་བ་སྣ་ཚོགས་ཡོད་པ་དེ་དག་གི་རྗེས་སུ་མི་འབྲངས་པ་ཤིན་ཏུ་གལ་ཆེ་སྟེ་དེ་ལྟར་གང་འདོད་དུ་ སྤྱད་ན་ནོར་བ་རྒྱུན་འབྱམས་སུ་འགྲོ་སླ་སྟེ་མཚོ་ལྷོའི་སློབ་དེབ་ན་དེ་རིགས་ཅུང་སྣང༌།
བཞི་བ། སྒྲིག་ཚུལ་གྱི་སྟེང་ནས་བསྐྱར་བཟློས་བྲལ་ཞིང་ལག་ལེན་ལ་གཞོལ་དགོས།
1ཟློས་སྐྱོན་མེད་པ་ཞིག་དགོས། བོད་ཀྱི་སློབ་ཆུང་གི་སློབ་ཚན་མང་བོ་ཞིག་ནི་རྒྱ་ཡིག་གི་སློབ་དེབ་དག་ན་ཡོད་ཅིང་བོད་རིགས་སློབ་མའི་རྒྱ་ཡིག་ནས་སྦྱངས་ནས་སླར་ཡང་བོད་ཡིག་ཏུ་སྦྱངས་ན་བསྐྱར་ཟློས་སུ་སོང་ཞིང༌། དུས་ཚོད་འཕྲོ་བརླག་གི་སྐྱོན་ཀྱང་ ལྡན་ནོ། །ད་དུང་སློབ་ཚན་རིགས་མཐུན་པ་མང་བོ་སྒྲིག་ཡོད་པས་དུས་ཚོད་དང་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་བལྟས་ཀྱང་ཚན་རིག་དང་མཐུན་པ་ཞིག་མིན། དེ་བས་བོད་ཀྱི་ སློབ་དེབ་ཏུ་རྒྱ་ཡིག་གི་བསྒྱུར་རྩོམ་མི་བཀོད་པ་དང་གལ་ཏེ་བཀོད་ན་ཡང་རྒྱ་ཡིག་གི་སློབ་དེབ་ཏུ་མེད་པའི་རྩོམ་ཡིག་བོད་འགྱུར་མ་ལེགས་པོ་བཀོད་ནས་བསྐྱར་བཟློས་མི་འབྱུང་བ་ཞིག་བྱ་དགོས། དེ་བཞིན་ཤད་སྤྱོད་སྟངས་སོགས་ཀྱང་གཅིག་གྱུར་དགོས།
2བརྡ་སྤྲོད་གཅིག་གྱུར་ཡོང་དགོས། སློབ་ཆུང་དུ་བརྡ་སྤྲོད《ལེགས་བཤད་ལྗོན་དབང》བཀོད་ཀྱང་དེ་ལས་བཤད་པའི་བདག་སྒྲ་ལག་ལེན་ལ་འཁྱོལ་དཀའ་ཞིང་དགེ་སློབ་ཐམས་ཅད་ཀྱི་མགོ་ཉོག་པ་ལས་མེད་པས་བརྗེས་ན་ལེགས། ད་དུང་པ་པོ་རང་དབང་ཅན་ཡིན་མིན་དང་བ་བོ་བདག་སྒྲར་བཞེད་མིན་སོགས་སུམ་རྟགས་ལས་ཉོག་དྲའི་རིགས《ཐོན་མིའི་ཞལ་ལུང》ལ་བསྟུན་ནས་གཅིག་གྱུར་བྱས་ན་ལེགས།
3དག་ཡིག་གཅིག་གྱུར་ཡོང་དགོས། སློབ་ཆུང་ནས་མཐོ་འབྲིང་བར་དུ་དག་ཡིག་མི་འདྲ་བ་དུ་མ་ཡོད་པས་དེ་དག་དགོངས་པ་གཅིག་གྱུར་གྱི་ཡོང་བའི་ཐད་ལ་འབད་ན་ལེགས། སྔོན་གྱི་དག་ཡིག་དག་གི་དགོངས་པ་མཐུན་མིན་སྣ་ཚོགས་ཡོད་ཅིང་དེ་ལས་ལ་ལ་ནི་དེང་སང་སྤྱོད་ཀྱིན་མེད་པས་ན་མ་ཡིག་ཇི་བཞིན་བཀོད་ན་མི་ལེགས་པས《དག་ཡིག་གསར་བསྒྲིགས》ལྟ་བུ་ལ་བསྟུན་ནས་གཅིག་གྱུར་ཡོང་བའི་ཐབས་ལ་གཞོལ་ན་ལེགས།
Hz2康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

4 གོ་སླ་བར་བསྒྱུར་བ། སྔོན་བྱོན་མཁས་པའི་རྩོམ་རིག་ཡིན་ཡང་ཇི་བཞིན་བཀོད་ན་སློབ་ཆུང་སློབ་མར་མི་འཚམ་པས་སློབ་མའི་ཆུ་ཚད་དང་བསྟུན་ནས་གང་ལ་གང་འཚམ་གྱིས་ཐ་སྙད་སོགས་གོ་སླ་བར་བསྒྱུར་ན་ལེགས། དེ་མིན་ན་སློབ་མ་ལ་མི་ཕན་པའི་ཁར་སྤྲོ་བ་ཉམས་པར་བྱེད་པའི་རྐྱེན་དུ་འགྲོ་ངེས་པས་ཐུགས་མཉམ་འཇོག་དགོས་པར་འདོད།Hz2康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

མཇུག་གི་གཏམ།Hz2康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

        བོད་ཀྱི་སློབ་དེབ་སྒྲིག་པའི་ལས་ཀ་ནི་གལ་ཆེ་ཞིང་ཚགས་ཞིབ་པ་ཞིག་ཡིན་པས་མི་རེ་གཉིས་ཀྱིས་དུས་ཚོད་ཐུང་ངུའི་ནང་དུ་བསྒྲུབ་ཐུབ་པ་ཞིག་གཏན་ནས་མིན། ལྷག་པར་སློབ་དེབ་ལེགས་པོ་བསྒྲིག་པ་ལ་བརྗོད་བྱའི་དོན་དང༌། རྗོད་བྱེད་ཚིག སློབ་མར་འཚམ་མིན། སྦྱངས་པའི་ཕན་འབྲས་ཀྱི་ཆ་བཅས་ལ་ཞིབ་འཇུག་གནད་དུ་འབབ་པ་ཞིག་བྱ་དགོས་པ་ལས་རང་གི་བསམ་ཚོད་དང་བསྟུན་མི་རུང༌། གོང་དུ་བརྗོད་པ་ནི་བདག་གིས་དུས་ཚོད་ཐུང་ངུའི་ནང་དུ་དགེ་རྒན་སྐོར་ཞིག་ལ་བརྟག་དཔྱད་ཀྱི་རེའུ་མིག་བཀྲམ་ནས་བསམ་ཚུལ་བསྡུས་ཤིང༌། ཞིང་ལྗོངས་ལྔའི་སློབ་དེབ་དང་མཚོ་ལྷོས་བསྒྲིགས་པའི་བོད་ཡིག་སློབ་དེབ་ལ་དཔྱད་པ་ཅུང་ཟད་བྱས་ཤིང་རང་གི་ད་ལྟའི་བར་དུ་རྒན་བྱིས་གཞོན་གསུམ་ལ་སློབ་ཁྲིད་བྱས་པའི་ཉམས་མྱོང་བཅས་ལ་བསམ་ཞིང་དཔྱད་དེ་ཡི་གེར་བཀོད་པ་ཙམ་ལས་དུས་ཡུན་རིང་བོར་ཆེད་དུ་ཞིབ་འཇུག་བྱས་མེད་ལ། བརྟག་དཔྱད་ཀྱི་འདྲི་གཞི་ཡང་བཀྲམ་པ་རྒྱ་ཆུང་བས་ཁྱེད་ཅག་ལ་དཔྱད་གཞིའི་རིན་ཐང་ཡང་ཡོད་མེད་ཆ་མ་འཚལ་མོད་སློབ་དེབ་ལེགས་པོ་ཞིག་གི་ཆེད་དུ་སྦ་གསང་མེད་པར་བརྗོད་པ་ལགས་པས་དགོངས་འགལ་མེད་པར་ཞུ།
དཔྱད་གཞིའི་ཡིག་ཆ།

ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་འགན་བབས་སློབ་གསོའི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ། སྐད་ཡིག་དེབ་དང་བོ་ནས་དེབ་དྲུག་པའི་བར།
མཚོ་ལྷོ་ཁུལ་གྱི་འགན་བབས་སློབ་གསོའི་བོད་ཡིག་ཚོད་ལྟའི་སློབ་དེབ། སྐད་ཡིག་དེབ་དང་བོ་ནས་དེབ་དྲུག་པའི་བར།Hz2康巴教学资源网 ཁམས་པའི་སློབ་ཁྲིད་ཐོན་ཁུངས་ད྄་བ །

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论