སྦྱངས་རྩོམ།
ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།

སྦྱངས་རྩོམ།ཕྱི་ལོག་པ །

    • མང་རྫོང་མཁར་གྲོང་སློབ་ཆུང་གི་སློབ་མའི་རྩོམ་ཡིག་གཅེས་བཏུས།

      རྟ་རྒྱུག་གི་མཐོང་ཐོས།མང་རྫོང་མཁར་གྲོང་སློབ་ཆུང་གི་དྲུག་གསུམ་འཛིན་གྲྭའི་སློབ་མ་ཀླུ་མོ་མཆོག དབྱར་ཁར་སླེབས་པ་དང་། ངེད་ཚང་གི་རུ་བཀལ་ནས་དབྱར་སར་སོང་བ་ཡིན། ངེད་ཚང་གི་དབྱར་ས་ནི་མང་སྟོད་ཡིན་ཞིང་དེ་ནི་ས་སྐྱིད་པོ་དྲི་ཟའི་འཇིག་རྟེན་ཞིག་དང་འདྲ་བར། རི་

        སྤེལ་དུས། : 2023-10-22
    • གདུག་རྩུབ་ཆེ་བའི་ནད་དུག

      བློབ་བུ་འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པད་མ་རྫོང་གྱི་མཁར་ཡུལ་ཤོག་བཅའ་སྡོད་སློབ་གྲྭའི་ལོ་རིམ་བཞི་བའི་སློབ་མ་ཞིག་ཡིན། མིང་ལ་ཨ་སྒྲོན་ཟེར། ལོ་བཅུ་གཉིས་ཡིན། ཐེངས་འདིར་ཁོ་མོས་རང་གི་སྦྱངས་སྟོབས་ཀྱི་ཡོན་ཏན་ལ་བརྟེན་ནས་ནད་ཡམས་སྐཽར་གྱི་སྦྱངས་རྩོམ་ཐུང་ངུ་ཞིག་བྲིས་ཡོད་ཅིང་། རྩོམ་ལ་ཚིག་སྦྱོང་སྙན་མོ་རྩལ་ནི་མ་རྫོགས་ཅིང་། སེམས་འགུལ་ཐེབས་པའི་རྩོམ་གྱི་བརྗོད་དོན་གྱིས་བདག་ཡིད་ཅིག་ཅར་དུ་འཕྲོག་པས། ཁྱེད་ཀྱི་དྲ་ངོས་སུ་སྤེལ་བ་ལགས།

        སྤེལ་དུས། : 2022-12-20
    • བདག་གི་ཨ་མ།

      མི་སུ་ཞིག་གི་ངོས་ནས་བཤད་ནའང་ཨ་མའི་བྱམས་བརྩེ་དང་བཀའ་དྲིན་ནི་རི་རབ་ལས་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ། ཨ་མ་ནི་སྡོང་རྒན་ཞིག་དང་འདྲ་བར་རླུང་ཆེན་དང་དྲག་ཆར་སོགས་གང་ཞིག་ལ་འཕྲད་ནའང་། རང་གི་བུ་ཕྲུག་ལ་བདག་སྐྱོང་བཟང་པོ་བྱེད་པ་རེད། ཐ་ན་རང་ཉིད་བློས་གཏོང་དག

        སྤེལ་དུས། : 2022-06-19
    • ངའི་ཨ་ཅེ།

      ངའི་ཨ་ཅེ་མིང་ལ་ཕག་མོ་གཡང་འཛོམས་ཟེར་ཞིང་། མོ་ད་ལོར་ལོ་བཅོ་བརྒྱད་ཡིན། དཀར་ཞིང་དམར་མདངས་རྒྱས་པའི་ངོ་གདོང་དང་། བྱ་རྒོད་པོའི་གཤོག་པ་བརྐྱངས་པ་ལྟ་བུའི་སྨིན་མའི་འོག་ཏུ་ཆེ་ལ་ནག་པའི་ཁྲ་ཆུང་མིག་གཉིས་ཁྲ་རིག་རིག་བྱེད་ཅིང་། དུང་ལྟར་དཀར་བའི་སོ་ཕྲེང་མངོན

        སྤེལ་དུས། : 2022-06-19
    • རྟ་རྒྱུག་འགྲན་ཚོགས།

      ངའི་ཕ་ཡུལ་ནི་སྟེང་སོ་ཡུལ་ཚོ་སྟེ་རོང་མ་འབྲོག་གི་ས་ཆ་ཞིག་ཡིན་པས། སྔོན་ཆད་དབྱར་ཟླ་དྲུག་པའི་ནང་སྡེ་བ་མང་པོ་དབྱར་སྟོན་ལ་བུད་ནས་རྟ་རྒྱུགས་འགྲན་ཚོགས་གཟབ་རྒྱས་ངང་འཚོགས་ཀྱི་ཡོད་ཟེར། ཡིན་ནའང་ངས་ཤེས་པ་ནས་བཟུང་རྟ་རྒྱུགས་འགྲན་ཚོགས་ཟེར་བ་ཞིག་འཚོགས་རྒྱུ

        སྤེལ་དུས། : 2022-06-19
    • ངའི་ཨ་ཕ།

      ངའི་ཨ་ཕའི་མིང་ལ་ཚེ་དབང་རྒྱལ་ཟེར་ཞིང་། ཕོ་ལོ47སོན་ཡོད་ལ། ཁོའི་གཟུགས་པོ་ཅུང་རིང་རྒྱུ་མེད་ལ་ལུས་ཀྱི་བོངས་ཚད་ཀྱང་དེ་འདྲའི་ཆེ་རྒྱུ་མེད། དཀར་ཞིང་ཟླུམ་པའི་གདོང་གི་གཉེར་མ་དང་། ཁ་རུ་བྱ་རྒྱལ་རྒོད་པོའི་གཤོག་པ་བརྐྱངས་པ་ལྟ་བུའི་ཁ་སྤུ། མགོར་སྐྲ་རྐང་དཀར་པ

        སྤེལ་དུས། : 2022-06-19
    • ཕ་ཡུལ།

      སྔོ་བསངས་ནམ་མཁའི་འོག་ན་དག་ཞིང་ལྟ་བུར་གནས་བའི་ངའི་སེམས་ཀྱི་ཕ་ཡུལ། མཛེས་སྡུག་ཡིད་དབང་རབ་ཏུ་འཕྲོག་པའི་ནོར་འཛིན་གྱི་གཞི་ལ་སའི་ཀ་བཞི་གདུང་རྒྱུད་ཚང་བའི་བཀྲ་ཤིས་ཕུན་ཚོགས་ཀྱིས་མངོན་པར་གང་བའི་གཞི་མ། དྭངས་གཙང་རྫ་ཆུ་བསིལ་མའི་གླུ་སྐད་ཀྱི་སྙན་པ་རྫོགས་

        སྤེལ་དུས། : 2022-06-19
    • སྦྲ་ནག

      མཐའ་མི་མངོན་པའི་ཨ་སྔོན་དང་གཡུ་ལྗང་ལྟ་བུའི་མཛེས་སྡུག་གི་རྩྭ་ཐང་དུ། བརྗིད་ཆགས་དང་བག་ཕེབས་ཀྱིས་གནས་པའི་མཐིང་སྨུག་སྦྲ་ནག་ནི་སྤྲོ་སྣང་ལྡན་པའི་རང་ཁྱིམ་དྲོན་མོ་ཞིག་དང་། དྲོད་ཁོལ་གྱིས་ཕྱུག་པའི་ཁྱིམ་གཞི་དྲོན་མོ་ལགས། ངས་མི་ཡུལ་དུ་ངུ་སྐད་ཀྱི་དབྱངས་རྟ

        སྤེལ་དུས། : 2022-06-19
    • བརྩེ་བའི་སློབ་དཔོན་དམ་པ།

      ཕུགས་བསམ་གྱི་འདུན་མ་གཤོག་རྩེ་རུ་བཏེགས་ཏེ་ཤེས་བྱའི་སྐྱེད་ཚལ་དུ་ཆས་པ་ནས་བཟུང་། སློབ་དཔོན་དམ་པའི་ཕྱོགས་སྟོན་དང་མཛུབ་ཁྲིད་འོག་ཏུ་ལང་ཚོ་ཡི་འདབ་མ་ལྷུག་པོར་གྲོལ་ལ། སྤྱོད་པའི་ཞིང་ས་རུ་ལོ་ཏོག་གི་སྙེ་མ་དུད་དེ་གནས། དེ་བས། སློབ་དཔོན་གྱི་ལྷག་བསམ་དང་བཀའ

        སྤེལ་དུས། : 2022-06-19
    • འབྲོག་མོ།

      ཞོགས་པའི་སྐྱ་རེངས་རབ་རིབ་སྣང་བའི་དུས། །འབྲོག་པའི་བུ་མོས་འོ་ཟེའུ་ལག་ཏུ་བཟུང་། །དཀར་གསལ་ཟླ་འོད་འོག་ཏུ་ལྷས་ར་ནས། །འབྲོག་པའི་བུ་མོའི་མིག་ཟུང་རྒྱང་ལ་ཤོར། ། འབྲོག་མོའི་མཁུར་ཚོའི་བྱུ་རུ་དམར་ཆུང་འདྲ། །དམར་མདངས་རྒྱས་པའི་ཞལ་རས་འཛུམ་གྱིས་ཁེངས། །འཛུམ་དེ་ཡ

        སྤེལ་དུས། : 2022-06-19
    • ཀ་ཕྲེང་མུ་ཏིག་དོ་ཤལ།

      ཀ་ཁའི་གདངས་དབྱངས་གྱེར་བའི་སློབ་གླིང་གི་དབུས་ན། །ཁ་མཚར་སྣ་ཚོགས་འཛོམས་པའི་བློ་གསལ་གྱི་གཞོན་ནུ། །ག་ལེར་རིག་པའི་གནས་ལ་འབད་པ་རེ་བྱོས་དང་། །ང་ཚོའི་ཕུགས་འདུན་འགྲུབ་པའི་རེ་བ་དེ་ཡིན་ནོ། །ཅ་ཅོ་འདུ་འཛི་ཆེ་བའི་རྣམ་གཡེང་གི་ཁྲོད་ནས། །ཆ་ལུགས་ཀུན་སྤྱོད་བཙོག་

        སྤེལ་དུས། : 2022-06-19
    • དཔེ་ཀློག

      མི་མང་པོ་ཞིག་གིས་སེམས་སུ་རང་ཉིད་ཀྱིས་དཔེ་ཆ་བལྟ་བ་ནི་གཞན་གྱི་མདུན་ནས་སྒྲོབ་ཉམས་དང་འཇོན་མདོག་སྟོན་ཆོག་པའི་ཁྱད་ཆོས་ཤིག་ཏུ་བཟུང་ཡོད་ལ། མི་མང་པོ་ཞིག་གི་སེམས་སུ་དཔེ་ཆར་ལྟ་བ་ནི་དཔེ་མི་སྲིད་པའི་ལས་ཀ་ཡ་མཚན་ཞིག་ཏུ་སྙམ་བཞིན་ཡོད།
      གལ་ཏེ། དཔེ་ཆ་ནི་རིག་པའི་ནུས་པ་གསོ་བྱེད་ཀྱི་སྨན་མཆོག་ཅིག་ཡིན་ན། སློབ་མས་དཔེ་ཆ་བལྟ་བ་ནི་སྨན་པས་ནད་པ་ལ་སྨན་བཅོས་བྱེད་བཞིན་པའི་ངང་ཚུལ་ཙམ་ཞིག་ཡིན། དཔེ་ཆ་ནི་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་གྱི་དཀའ་ངལ་སེལ་བྱེད་ཀྱི་ལག་ཆ་ཞིག་ཡིན་ན། དཔེ་ཆ་ལྟ་ཀློག་བྱེད་པ་ནི་གཡུལ་དུ་ཞུགས་པའི་དམག་མིས་གྲ་སྒྲིག་བྱེད་པ་ཙམ་ལས་ཅི་ལ་མིན། དེ་ནི་རང་ཉིད་ཀྱི་མི་ཚེ་རྒྱལ་ཕམ་ལ་བསམ་གཞིག་བྱེད་མིན་གྱི་གནད་དོན་ཞིག་ལས་གང་ཡང་མིན། མི་མཁས་པ་མང་པོ་ཞིག་གིས་ཀྱང་དཔེ་ཆ་ལ་ལྟ་བཞིན་ཡོད། ད་དུང་སློབ་མ་ཚོའི་ནང་དུ་ཡང་དཔེ་ཆ་ལྟ་བར་དགའ་བའི་སློབ་མ་བགྲང་གིས་མི་ལངས་པ་ཡོད་ལ། ཁོང་ཚོ་ནི་རྒྱུན་དུ་དཔེ་ཆ་བལྟས་ནས་སློབ་སྦྱོང་བཟང་པོ་བྱེད་བཞིན་པའི་གསུམ་བཟང་སློབ་མ་ཡིན། ང་ཚོས་ཁོང་ཚོར་སློབ་སྦྱོང་བྱེད་དགོས། འོན་ཀྱང་སློབ་མ་ལ་ལ་ནི་དཔེ་ཆ་བལྟ་བར་མི་དགའ་བར་མ་ཟད། ད་དུང་སློབ་མ་བཟང་བོ་རྣམས་ལ་དགྲ་རུ་ལྟ་བར་བྱེད་པ་རེད། སློབ་མ་ཁ་ཤས་ཀྱིས་ཀྱང་དཔེ་ཆ་ནི་གཉིད་སྨན་གྱི་གྲུབ་ཆ་གཙོ་བོ་ཡིན་ལ། དཔེ་ཆ་བལྟས་ན་གཉིད་ཁུག་པ་ཡིན་ཞེས་བཤད་བཞིན་ཡོད། ཡང་ལ་ལས་དཔེ་ཆ་མང་པོར་བལྟས་ན་རང་ཉིད་ཀྱི་ཁྱད་ཡོན་ཞིག་ཏུ་འཛིན་ཞིང་སྒྲོག་པར་མ་ཟད། བོད་པ་ཚོའི་མིག་ནང་ནའང་དཔེ་ཆ་བལྟ་བ་དེ་ནི་སྤྱིར་བཏང་གི་དོན་དག་ཅིག་མ་ཡིན་པའི་ཚུལ་བཟུང་ཡོད་ལ། དཔེར་ན། གལ་ཏེ་ས་ཆ་གཞན་ཞིག་ཏུ་སླེབས་ན། སྔོན་དུ་ས་ཆ་དེར་དཔེ་ཚོང་ཁང་འཚོལ་ཞིང་། དཔེ་ཚོང་ཁང་དུ་དཔེ་ཆ་གསར་བ་ཞིག་རྙེད་ཚེ། མྱུར་དུ་ལམ་འགྲམ་གྱི་འདུག་སྟེགས་དང་། ཇ་ཁང་གང་རུང་ཞིག་ཏུ་བསྡད་དེ། མྱུར་དུ་ལྟ་ཀློག་བྱེད་པའི་ལྟོགས་རྔམ་གྱི་རང་གཤིས་ཤིག་ཆགས་ཡོད། དེ་བས་ང་ཚོས་མི་དེ་ལྟ་བུ་ལ་སློབ་སྦྱོང་བྱེད་དགོས།
      དཔེ་ཀློག་ནི་ཕ་མེས་ཡང་མེས་ཚོས་ང་ཚོ་ལ་ཤུལ་དུ་བཞག་པའི་ཁྱིམ་རྒྱུད་ཀྱི་ནོར་བུ་དེ་ཡིན་ན། དཔེ་ཆ་ལྟ་ཀློག་བྱེད་པ་ནི་རང་ཁྱིམ་གྱི་རྒྱུ་ནོར་སྲུང་སྐྱོབ་བྱེད་པ་ཙམ་ཞིག་ལས་ཅི་ཡང་མིན་པས། དཔེ་ཆ་ལྟ་བ་ནི་མི་ཚེ་བགྲོད་ལམ་ཁྲོད་ཆེས་གལ་ཆེན་གྱི་དོན་དག་ཅིག་ཡིན། དཔེ་ཀློག་གིས་མིའི་སེམས་རྒྱ་དང་མཐོང་རྒྱ་བསྐྱེད་ཐུབ་ལ།
      དཔེ་ཀློག་གིས་རང་རྒྱུད་ལ་ཡོན་ཏན་གྱིས་ཕྱུག་པར་འགྱུར་སྲིད་ཅིང་། དཔེ་ཀློག་གིས་མིའི་ལས་དབང་ལའང་ཁ་ལོ་བསྒྱུར་ནུས་པས། ང་ཚོས་མི་ཚེ་གང་བོར་དཔེ་ཀློག་བྱེད། འབྱུང་འགྱུར་མི་རེ་རེ་ནི་ཤེས་རིག་གིས་ཕྱུག་པའི་རིག་པའི་དཔའ་པོ་འབའ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་དོ། །

        སྤེལ་དུས། : 2022-04-01
    • ཕུགས་བསམ།

      འཇིག་རྟེན་གྱི་ཁ་དཔེ་ལ། “མི་སུམ་ཅུར་བསམ་པ་སུམ་ཅུ། །མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ། །”ཟེར་བའི་དཔེ་ལྟར། འཇིག་རྟེན་གྱི་སྐྱེ་བོ་གང་འདྲ་ཞིག་ཡིན་ནའང་ཚང་མར་ཕུགས་བསམ་རེ་ཡོད་ངེས་རེད། ལ་ལ་ནི་ནད་བཅོས་སྲོག་སྐྱོབ་མཁན་གྱི་སྨན་པ་བྱེད་འདོད་པ་དང་། ལ་ལ་ནི་པིར་གྱི་སྒྱུ་རྩལ་ལ་མཁས་པའི་རི་མོ་མཁན་ཞིག་བྱེད་འདོད་པ། ལ་ལ་ནི་ལུས་ཀྱི་ཉམས་འགྱུར་ལ་མཁས་པའི་གཞས་མ་ཞིག་བྱེད་པར་འདོད་པ་བཅས་མི་རེ་རེར་ཕུགས་བསམ་མི་འདྲ་བ་ཡོད་པ་ནི་མངོན་སུམ་ཡིན། དེ་བས་བདག་གི་ཕུགས་བསམ་ནི་དགེ་རྒན་དམ་པ་ཞིག་བྱེད་འདོད་པ་དེ་ཡིན།
      བདག་ལ་དེ་འདྲའི་ཕུགས་བསམ་ཞིག་ཡོད་དོན་ནི། སེམས་གཏིང་ནས་ཆེས་གཟི་བརྗིད་ལྡན་པ་དང་གཞན་ལ་ཕན་ཐོགས་ཆེ་བའི་དགེ་རྒན་གྱི་བྱ་བཞག་དེ་རླབས་ཆེན་ཞིག་ཡིན་པ་ཤེས་པས་ཡིན། གལ་ཏེ་དགེ་རྒན་མེད་ན། ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་འདིའི་མི་ཚང་མར་ཤེས་བྱ་གཅིག་ཀྱང་ཐོབ་མི་སྲིད་ལ། ལེགས་ཉེས་བླང་དོར་གྱི་གནས་ལུགས་ཀྱང་རྟོགས་མི་ནུས་པ་ནི་མིག་མཐོང་ལག་ཟིན་དུ་སྣང་། དགེ་རྒན་དམ་པ་ནི་སློབ་མ་ཚོའི་ཕ་མ་གཉིས་པ་ཡིན་ཞེས་པ་ལྟར། དགེ་རྒན་གྱིས་སློབ་མ་ནི་རང་གི་བུ་ཕྲུག་ཏུ་བརྩིས་ཏེ། བྱམས་སེམས་དང་བརྩེ་དུང་གིས་ཁེངས་ཡོད་ལ། དགེ་རྒན་ལགས་ཀྱིས་སློབ་མ་བགྲང་གིས་མི་ལངས་པ་ཞིག་ལ་ཕན་པ་སྒྲུབ་བཞིན་ཡོད། ཁོང་རྣམས་པས་ལོ་ཆུང་གི་སློབ་མ་རྣམས་ལ་མ་འོངས་པར་སྤྱི་ཚོགས་ལ་ཕན་པའི་མི་ཞིག་ཡོང་ཆེད། ཡོད་ཚད་བློས་གཏོང་དང་ལེགས་སྐྱེས་སུ་འབུལ་བཞིན་ཡོད་ལ། ནངས་སྔ་མོའི་ཟིལ་བ་ལྷམ་དང་དགུང་མཚན་མོའི་སྐར་མ་ཞྭ་ལྟར་དུ་སློབ་མ་འབའ་ཞིག་གི་ཆེད་དུ་ལས་དོན་སྒྲུབ་བཞིན་ཡོད། ཁོང་དགེ་རྒན་དམ་པས་དྲིན་ཕ་མ་རྒྱབ་ཏུ་བསྐྱུར་ཞིང་ཆུང་བྱིས་པའང་ཕར་ལ་གཡུག་ནས་ང་ཚོ་སློབ་མ་ཆོའི་ཆེད་དུ་རྒྱུགས་བཞིན་ཡོད། གཞན་ཕན་གྱི་ལྷག་བསམ་དཀར་པོས་བྱ་བ་རླབས་ཆེན་དེ་འདྲ་ཞིག་བསྒྲུབ་ཀྱང་རྟག་ཏུ་རང་ཉིད་དམའ་སར་འཛིན་གྱིན་ཡོད། ངའི་སེམས་ལ་དགེ་རྒན་གྱི་ལས་གནས་ཕྲག་ཏུ་འཛིན་མཁན་དག་ནི། མི་རིགས་ལ་བྱས་རྗེས་འཇོག་མཁན་ཤ་སྟག་ཡིན་པ་རྟོགས་པས། ང་རང་ཡང་དེ་ལྟ་བུའི་དགེ་རྒན་དམ་པ་ཞིག་བྱེད་པའི་ཆོད་སེམས་བརྟན་པོ་ལྡན་པ་ཡིན།
      དགེ་རྒན་གྱི་ལས་གནས་མཆོག་ལ་སྙེག་ཐུབ་ཚེ་ངེས་པར་དུ་སློབ་མའི་ཆེད་དུ་དཀའ་སྡུག་གང་ལ་འཕྲད་ཀྱང་མགོ་མི་སྒུར་ཞིང་དཔའ་མི་ཞུམ་པར་སློབ་མ་ནི་རང་གི་བུ་ཕྲུག་ལྟར་སློབ་མའིི་བདེ་སྡུག་དང་སེམས་ཁམས་ལ་ལྟ་རྟོག་ནན་མོ་བྱས་ཏེ་སློབ་མ་ཡོངས་ལ་ཕྱོགས་རིས་མེད་པའི་ངང་ནས་གཅེས་སྐྱོང་གནང་རྒྱུ་དེ་ཡིན། སློབ་མ་རྣམས་ལ་སློབ་སྦྱོང་གི་སྤྲོ་བ་རྒྱས་སུ་བཅུག་སྟེ་བསླབས་འབྲས་ཀྱང་སྨིན་ཐག་ཆོད་པ་ཞིག་ལ་གཞོལ་ངེས།
      དགེ་རྒན་གྱི་ལས་གནས་ནི་ཆེས་གཟི་བརྗིད་ལྡན་པ་ཞིག་ཡིན་པས་ལས་གནས་འདིར་རེག་ཐུབ་རྒྱུ་ལས་སླ་མོ་ཞིག་མིན་པས་ངས་གཉིད་ཆག་ཟས་བརྗེད་དང་ཉིན་མཚན་དབྱེར་མེད་དུ་སློབ་སྦྱོང་བྱས་ཏེ་དགེ་རྒན་དམ་པ་དག་གི་གསུང་གི་བདུད་རྩིའི་ཐིགས་པ་རེ་རེ་བསགས་ནས་འབྱུང་འགྱུར་རང་རྒྱུད་ལ་ཡོན་ཏན་གྱིས་ཕྱུག་པར་བྱས་ཤིང་།མཐར་རིག་པའི་དཔའ་པོ་ཞིག་ཏུ་འགྱུར་བར་སྟ་གོན་ལེགས་པོ་བྱས་རྗེས་དགེ་རྒན་གྱི་ལས་གནས་ལ་སྲོག་བསྡོས་ཀྱིས་འཇུག་ངེས་ཡིན། བདག་གི་བསམ་པར་གལ་ཏེ་མི་ཞིག་ལ་གྲུབ་འབྲས་ཤིག་ཐོབ་དགོས་ན། ལམ་དུ་ཕམ་ཁ་ཅི་བྱུང་ཡང་ཁྱད་བསད་བྱེད་དགོས་པ་མ་ཟད། རང་ཉིད་ལས་རིགས་གང་ལ་དགའ་ན་འཕྲད་སྲིད་པའི་དཀའ་ངལ་དག་ལས་རྣམ་པར་རྒྱལ་ཐུབ་པའི་སྙིང་སྟོབས་ཤིག་ལྡན་དགོས་པའང་རྟོགས་བྱུང་། ས་པཎ་མཆོག་གིས་ཀྱང་“མི་ལ་བརྩོན་འགྲུས་ལྡན་གྱུར་ན། །མི་འགྲུབ་བྱ་བ་ཅི་ཡང་མེད། །”ཅེས་པ་ལྟར་ངས་དགེ་རྒན་གྱི་ལས་གནས་ལ་རེག་པའི་གོ་སྐབས་དམ་འཛིན་བྱས་ཏེ་ཅིས་ཀྱང་ལེགས་འགྲུབ་འབྱུང་བར་བརྩོན་པའི་རྒྱུན་མི་ལྷོད་པའི་དམ་བཅའ་སྙིང་ལ་རྡོ་བརྐོས་རི་མོ་ལྟར་གསུབ་ཐབས་མེད།
      དེ་བས་ཕུགས་བསམ་ནི་བསྒུགས་ནས་མངོན་འགྱུར་ཡོང་བ་ཞིག་གཏན་ནས་མ་ཡིན་པས་ངས་དུས་ད་ལྟ་ནས་འགོ་བརྩམས་ཏེ། ང་རང་དགེ་རྒན་བྱེད་འདོད་ཀྱི་ཕུགས་བསམ་དེ་མངོན་གྱུར་ཡོང་ཆེད་ལམ་དུ་ཕམ་ཉེས་ཅི་བྱུང་ཡང་དཔའ་མི་ཞུམ་པར་ཤེས་བྱའི་ནམ་མཁའ་ཡངས་པོར་བརྩོན་འགྲུས་ཀྱི་གཤོག་རྩལ་ལ་བརྟེན་ནས་ཕུགས་བསམ་དེ་མངོན་འགྱུར་ཡོང་བར་བརྩོན་པའི་གོམ་པ་མི་ལྷོད་དོ། །

        སྤེལ་དུས། : 2022-04-01
    • ལང་ཚོའི་གཟི་དཔལ།

      ཅི་ཞིག་འབྲི་འདོད་ཀྱི་འདུན་པས་ཀུན་ནས་བསླངས་ཏེ་ལྕགས་སྨྱུག་ཕྲ་མོ་ལག་ཏུ་འཛིན་དུས། བདག་གིས་སྔར་བཞིན་ཡུན་ཐུང་གི་མི་ཚེ་འདིར་བསམ་གཞིག་ཐེངས་ཤིག་མི་བྱེད་ཀ་མེད་བྱུང་། གཞོན་དུས་ནི་དབྱར་ཁར་སྤང་དུ་བཞད་པའི་མཛེས་སྡུག་གི་མེ་ཏོག་དེ་ཡིན་ལ། སྦྲང་ཆར་ཟམ་ཟིམ་རྗེས་ཀྱི་ཡིད་དུ་འོང་བའི་འཇའ་ཚོན་དེའང་ཅི་ལ་མིན།
      ང་ཚོའི་ན་ཚོད་འདིར་བཤེས་གཉེན་བཟང་བོར་སྒོ་གསུམ་གྱིས་དད་གུས་དང་སློབ་གྲོགས་ཕན་ཚུན་བར་ལ་མཐུན་སྒྲིལ་བྱེད་དགོས་ཤིང་། ཕ་མའི་རྔུལ་ཁྲག་ལས་ཐོན་པའི་རྒྱུ་ནོར་གྲོན་ཆུང་དང་རིན་ཐང་རྟོགས་པར་བྱེད་དགོས།
      ང་ཚོའི་ལང་ཚོ་འདིར་མདུན་སྐྱོད་ཀྱི་ལམ་དུ་དོན་སྙིང་ལྡན་པའི་གོམ་པ་སྤོ་བ་ནི་རྒྱ་མཚོར་འཇུག་པའི་གྲུ་གཟིངས་དང་འདྲའོ། །ང་ཚོའི་ལང་ཚོ་འདིར་ཕ་མའི་དྲིན་ལན་ཡང་རྒྱང་དུ་གཡུགས་ཏེ་ཕ་མའི་ལག་ནས་ཤོག་སྒོར་འགའ་རེ་སློང་ཅི་ཐུབ་བམ་བརྐུ་ཅི་ཐབས་བྱེད་པ་དང་། ཆང་ཁང་། ཇ་ཁང་། དྲ་ཁང་སོགས་ཀྱི་ནང་དུ་སོང་ནས་དྲ་རྒྱའི་རྩེད་མོའི་རིགས་ལ་སེམས་གཡེང་བའི་ལས་སོགས་རྩ་བ་ནས་དོར་དགོས་པ་ནི་མིག་མཐོང་ལག་ཟིན་གྱི་དོན་དག་ཅིག་ཡིན་པ་སྨོས་མ་དགོས་ལ། ང་ཚོའི་ལང་ཚོ་འདིར་ཤེས་རིག་གི་ས་བོན་དེ་རང་སྟེང་དུ་ལེན་ཅི་ཐུབ་བྱས་ཏེ། མི་ཚེ་དོན་སྙིང་ལྡན་པར་གཞོལ་ཅི་ཐུབ་བྱེད་དགོས།
      ང་ཚོའི་གསེར་ལས་ལྷག་པའི་ལང་ཚོ་འདིར་རིག་གནས་ཀུན་ལ་སྦྱང་བ་བྱས་ཏེ་མཁས་མཛངས་ལྡན་པའི་མི་ཞིག་ཏུ་འགྱུར་རྗེས་སྤྱི་ཚོགས་སུ་བྱས་རྗེས་གྱ་ནོམ་པ་ཞིག་འཇོག་པར་རེམ་དགོས། ང་ཚོའི་ལང་ཚོ་འདིར་སྤྱི་ཚོགས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་དུ་བཅུག་སྟེ་འཕེལ་རྒྱས་ཀྱི་རྩེ་མོར་སྙེག་པའི་གོམ་ཁ་ལྷོད་མི་རུང་། ང་ཚོའི་ལང་ཚོ་འདིར་ཤི་གསོན་ཆགས་འཇིག་གི་ལས་གང་ལ་འཕྲད་ཀྱང་སྙིང་སྟོབས་མི་ཉམས་ཤིང་དཔའ་མི་ཞུམ་པར་དཀའ་ངལ་དེར་གདོང་གཏད་དེ་དཀའ་ངལ་ལས་རྣམ་པར་རྒྱལ་བའི་ཐབས་ཤེས་ཟུང་ལ་བརྟེན་ནས་འོད་སྟོང་འབར་བའི་ལམ་ཆེན་སྟེང་དུ་ཅིས་ཀྱང་གོམ་ཁ་བསྒྱུར་ནས་མི་བུ་རེ་རེ་ཡི་འབྱུང་འགྱུར་གྱི་ཕུགས་བསམ་དེ་མངོན་འགྱུར་འབྱུང་བར་རེམ་དགོས།
      ང་ཚོའི་ལང་ཚོ་འདི་ནི་མི་རིགས་ཀྱི་ཆེས་རིན་ཐང་ཆེ་བའི་གསེར་ཟངས་ཀྱི་དུས་ཚོད་དང་ཀུན་ནས་མཚུངས་པས། དུས་ཚོད་ཀྱིས་མི་ལ་མི་སྒུག་པར་མདུན་ནས་མདུན་དུ་བཞུར་འགྲོ་བ་དེ་ནི་མཛེས་སྡུག་གི་ལང་ཚོས་ཀྱང་ང་ཚོར་མི་སྒུག་པར་མདུན་བསྐྱོད་བྱེད་པ་དང་ཀུན་ནས་མཚུངས་པས། ང་ཚོས་ལང་ཚོ་འདི་གང་འདོད་ལྟར་ཆུད་ཟོས་དང་འཕྲོ་བརླག་བྱེད་མི་རུང་། ང་ཚོའི་ལང་ཚོ་འདིར་ཉིན་མཚན་དབྱེར་མེད་དུ་རིག་གནས་སྦྱང་བར་སྲོག་བསྡོས་ཀྱིས་གཞོལ་ཏེ་འབྱུང་འགྱུར་སྤྱི་ཚོགས་སུ་རང་གཞན་ཀུན་ཕན་གྱི་ཤེས་ལྡན་མི་སྣ་འཇོན་ཐང་ཅན་དུ་འགྱུར་བར་སྟ་གོན་ལེགས་པོ་བྱེད་པ་ནི་ང་ཚོའི་ལང་ཚོ་འདིར་སྒྲུབ་འོས་པའི་དོན་གལ་ཆེན་ཡིན་པ་སྨོས་མ་དགོས་སོ། །
      དེ་བས་སྔོན་བྱོན་མཁས་པ་ཚོས་ཀྱང་“སློབ་པའི་སྡུག་བསྔལ་སྐད་ཅིག་ཙམ། །མ་བསླབ་སྡུག་བསྔལ་མི་ཚེ་གཅིག །”ཅེས་པ་ལྟར་ང་ཚོའི་ལང་ཚོ་འདིར་སློབ་སྦྱོང་བྱེད་པའི་སྐད་ཅིག་གི་སྡུག་བསྔལ་ལ་མི་སྐྲག་ཅིང་དཔའ་མི་ཞུམ་ལ་དེ་ལས་ལྡོག་སྟེ་སློབ་སྦྱོང་ལ་སྤྲོ་སེམས་ཀྱི་སྒོ་ནས་འཇུག་པར་བྱས་ཏེ་འབྲས་ལེགས་སྨིན་པར་འབད་དགོས་ཏེ། མི་ཚེ་དོན་ལྡན་འབྱུང་བར་རིག་པའི་གནས་ལ་འབད་དགོས་པ་ནི་མིག་མཐོང་ལག་ཟིན་གྱི་དོན་ཡིན་ལ། ང་ཚོའི་ལང་ཚོ་འདིར་རིག་གནས་ལེགས་པོ་ཞིག་སྦྱང་ན་མཁས་མཛངས་ལྡན་པའི་མི་སྣ་གྲགས་ཅན་དུ་འགྱུར་སྲིད་ལ་འབྱུང་འགྱུར་མི་རེ་རེ་ཡི་ཕུགས་བསམ་མངོན་འགྱུར་བྱ་ཐུབ་རྒྱུ་ནི་གདོན་མི་ཟའོ། །

        སྤེལ་དུས། : 2022-04-01
    • དགེ་རྒན་སྐུ་དྲིན་ཅན།

      དུས་ཚོད་ནི་སུན་སྣང་ཆེ་སྐབས་དལ་དྲགས་པར་སྣང་ནའང་། ལོ་དང་ཟླ་བའི་ཧྲག་བར་ནས་མི་ལོ་བཅུའི་དུས་ཡུན་ནི་འཇའ་ཚོན་བཞིན་ཡལ་ཚར། མི་ལོ་བཅུའི་ཡར་སྔོན་དུ་ང་རང་དམའ་འབྲིང་འགྲིམ་བཞིན་པའི་སློབ་མ་ཞིག་ཡིན། དེ་དུས་སློབ་གྲྭའི་འཚོ་བ་ནི་སུན་སྣང་ལྡན་པ་དང་རང་དབང་ལས་མ་འགོང་པ་ཞིག་ཡིན་ཡང་། ད་ཆར་བསམ་ན་སྐབས་དེ་ནི་ཆེས་སྐྱིད་སྣང་ཆེ་བ་དང་སྡུག་སྣང་ཉུང་བའི་དུས་ཚོད་ཅིག་ཡིན་པར་སེམས།
      དམའ་འབྲིང་གི་ལོ་ངོ་གསུམ་གྱི་དུས་ཚོད་ནི་ང་ལ་མཚོན་ན་སློབ་ལ་སྦྱངས་བརྩོན་ཆེས་ཆེར་བྱས་པའི་དུས་སྐབས་ཡིན། དེ་དུས་ང་ནི་དགེ་རྒན་ཁོང་གི་སྐུལ་འདེད་དང་སློབ་གསོའི་ངོགས་ནས་ནར་སོན་སྐད། བསམ་བློ་དང་སློབ་སྦྱོང་། ཀུན་སྤྱོད་དང་མི་གཤིས་སོགས་ལ་འགྱུར་བ་ཆེན་པོ་ཞིག་བྱུང་།
      དགེ་རྒན་ཁོང་ནི་ང་ཚོའི་འཛིན་གྲྭའི་སྐད་ཡིག་དགེ་རྒན་ཡིན། ངའི་བག་ཆགས་ཀྱི་ཆེས་ཟབ་ས་ན་འབོར་ཐབས་མེད་པ་ནི་ཁོ་རང་ཐོག་དང་པོར་མཐོང་དུས་རེད། སྐབས་དེར་ང་དམའ་འབྲིང་དུ་ཞུགས་མ་ཐག་ཡིན། ཐེངས་སྔོན་མའི་འབྲིང་རྒྱུགས་ཁྲོད་ཁུལ་ཡོངས་ཀྱི་རྒྱུགས་འབྲས་འབུར་དུ་ཐོན་པའི་དགེ་རྒན་དག་ལ་བྱ་དགའ་གནངས་བའི་ཚོགས་འདུ་ཞིག་གི་སྟེང་སློབ་གཙོས་དགེ་རྒན་ཁོང་གི་མཚན་ནས་བོས་ཏེ། “ཁུལ་ཡོངས་ཀྱི་སྐད་ཡིག་གི་ཨང་དང་པོ་རེད”ཅེས་པར་མི་ཚོགས་ཀྱི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཤེལ་མིག་ནག་པོ་བརྒྱབ་པའི་ཕོ་སྐྱེས་ཤིག་གར་སྟེགས་སྟེང་དུ་སོང་ནས་བྱ་དགའ་ལེན་པའི་རྣམ་པ་རེད། མ་ཟད་འཛིན་གྲྭར་སློབ་ཁྲིད་རེའུ་མིག་ཅིག་ཐོན་པ་དང་དེའི་སྟེང་དུ་ཁོང་ནི་ང་ཚོའི་སྐད་ཡིག་དགེ་རྒན་ཡིན་པ་མཐོང་མ་ཐག སློབ་གྲོགས་དག་གིས་སྐད་ཡིག་དགེ་རྒན་དེ་བཙན་པོ་ཞེ་དྲག་འདུག་ཅེས་འུད་སྒྲོགས་མང་དུ་བྱེད། ཆེས་ཐོག་མའི་སྐད་ཡིག་སློབ་ཐུན་དེར་ཁོག་གིས་ང་ཚོ་ལ་སློབ་ཁྲིད་མ་བྱས་པར་ཁོ་རང་ཉིད་ངོ་སྤྲོད་དང་ལོ་དུ་མའི་སློབ་ཁྲིད་ཀྱི་ཉམས་མྱོང་། སློབ་ཁྲིད་སྐབས་ཀྱི་སྒྲིག་ལམ་སོགས་དང་། དེ་མིན་ཁོང་ནི”ཁྲོས་ན་རྟ་མགྲིན་དམར་པོ་དང་། མ་ཁྲོས་ཐུགས་རྗེ་ཆེན་པོ་ཡིན”ཞེས་གཏམ་དཔེ་ཞིག་བཞག་པ་དེ་ཡང་ཡིད་ངོགས་སུ་ད་རུང་མ་བསུབས་མ་ནོགས་པར་གནས།
      ཁོང་གིས་བཤད་ན་ཁོ་རང་བྱ་བའི་ལས་རྐང་དུ་ཞུགས་ནས་ལོ་བརྒྱད་ལྷག་འདས་ཟིན། ལོ་བདུན་གྱི་ཡུན་དུ་དམའ་གསུམ་རྐྱང་རྐྱང་བསྐྱངས་བ་ཡིན། ཡིན་ཡང་ད་ཐེངས་སློབ་གྲྭས་དམའ་གཅིག་རིམ་པའི་དགེ་རྒན་དུ་ལས་བགོས་བྱས་པས། ད་ནས་བཟུང་ཁྱོད་ཚོའི་སློབ་སྦྱོང་གི་དུས་ཚོད་དམ་དུ་འཛིན་འཆར་ཡིན་ཟེར། ཁོང་གིས་སློབ་ཁྲིད་ལ་འཆར་གཞི་འཐུས་ཚང་ཞིག་བཟོས་བར་མ་ཟད། སློབ་ཁྲིད་སྐབས་སུ་ཁོ་རང་གི་འཚོ་བའི་ཉམས་མྱོང་རྟག་ཏུ་གླེང་བར་བྱེད། དུས་རྒྱུན་དུ་ཁྱོད་ཅག་སློབ་ཁྲིད་སྐབས་སྤྲོ་བ་འཕེལ་དུ་འཇུག་རྒྱུ་ནི་གལ་འགངས་རབ་ཏུ་ཆེ། ཁྲིད་སྟེགས་གར་སྟེགས་དང་། དགེ་རྒན་འཁྲབ་སྟོན་པ། སློབ་མ་དག་ལྟ་མཁན་ལྟ་བུ་ཡོང་དགོས་ཟེར། ངོ་མ་དེ་ལྟ་ཡིན་ཏེ། ཁོང་ལ་གསལ་དག་སྙན་གསུམ་གྱི་སྨྲ་ལྕེ་ཡོད་ཁར་ལག་པས་ཕྱག་རྒྱ་དེས་ངེད་ཅག་སློབ་མ་ཚོའི་སེམས་ལ་སྤྲོ་བ་ཆེན་པོ་ཞིག་ངང་གིས་འཚངས་པར་བྱེད། དེ་བས་སྐད་ཡིག་སློབ་ཁྲིད་ལ་རེ་ཞིང་སྒུག་དགོས་པ་ཞིག་དང་། སྐད་ཡིག་སློབ་ཁྲིད་ཀྱི་དུས་ཚོད་རྟ་རྒོད་ལ་གཤོག་པ་ཐོགས་པ་ལྟར་ཤིན་ཏུ་མགྱོགས་སྣང་སྐྱེ་བར་མ་ཟད་ཁོང་གི་སློབ་ཁྲིད་དག་ནི་རྒྱ་གར་གྱི་གློག་བརྙན་ལས་ཀྱང་ཡིད་དབང་རབ་ཏུ་འཕྲོག་སྣང་སྐྱེ།
      དག་ཡིག་དང་སུམ་ཅུ་པ། སྙན་ངག་དང་བསྡུས་གྲྭ་སོགས་དམའ་འབྲིང་གི་ཤེས་བྱ་རྣམས་བུམ་པ་གང་བྱོའི་ཚུལ་གྱིས་ང་ཚོའི་ཤ་གསེང་རུས་གསེང་ལ་བཞག་པར་མ་ཟད། མཐོ་འབྲིང་གི་ཤེས་བྱ་སྟེ་རྟགས་འཇུག་གི་དུས་གསུམ་སོགས་ཀྱང་ང་ཚོར་ཁ་གསལ་སྨྲ་དག་གིས་ཁྲིད་པར་བྱེད། དེ་མིན་ང་ཚོས་ཟིན་བྲིས་འདེབས་སྐབས་ཁོང་གིས་བཏོན་ཏེ་ང་ཚོས་འབྲི་བ་ལས་ཁོང་གིས་སྒོ་སམ་སྟེང་དུ་མི་འབྲི། དེའི་རྗེས་སུ་མི་རེ་རེའི་ཟིན་བྲིས་བཏབ་པར་ཞིབ་ཏུ་བལྟས་ནས་ཡིག་ནོར་བཅའ། དེ་ལྟར་བྱས་ན་སློབ་མ་ཚོའི་ཡི་གེའི་དག་ཆར་ཕན་པ་ཆེན་པོ་ཡོང་ཟེར།
      དེ་མིན་སློབ་ཁྲིད་དང་འབྲེལ་ཏེ་ཁོང་གིས་ང་ཚོ་ལ་བོད་ཀྱི་ལོ་རྒྱུས་དང་། མེས་པོའི་བཀའ་དྲིན། བོད་ཀྱི་དམངས་སྲོལ། འཇིག་རྟེན་མི་ཆོས། དེང་གི་སྲིད་ཇུས། སྐབས་སྐབས་ཀྱི་གསར་འགྱུར་སོགས་ནམ་ནམ་ཞར་ཞར་དུ་འཆད། དེ་ལས་ང་ལ་བག་ཆགས་ཆེས་ཟབ་པ་ནི་སྐབས་ཤིག་ཏུ་ཁོང་གིས་ང་ཚོ་ལ་རྒྱལ་ཕྱིའི་གསར་འགྱུར་ཅིག་བཤད་པ་དེ་རེད། “མ་ལེ་ཞི་ཡ་རྒྱབ་ཁབ་ཀྱི་གནམ་གྲུ་ཞིག་སར་ལྷུང་ནས་མི་མང་པོ་བསད་འདུག་པས། ད་སྐབས་ཚང་མས་གནམ་གྲུ་དེ་བཙལ་བཞིན་པའི་སྒང་རེད”ཟེར། ང་ཚོས་དུས་གཅིག་ཏུ”དགེ་རྒན། དེ་ནས་གནམ་གྲུ་དེ་རྙེད་ཡོད་དམ”ཞེས་པར། “ད་དུང་རྙེད་མ་བྱུང་། གལ་སྲིད་རྙེད་པའི་གསར་འགྱུར་ཐོས་ཚེ་ཁྱོད་ཚོར་བཤད་ངེས་ཡིན”ཟེར།
      ཕྱི་ཉིན་སྐད་ཡིག་སློབ་ཁྲིད་སྐབས་དགེ་རྒན་ཁོང་སློབ་ཁང་དུ་འཛུལ་མ་ཐག་ང་ཚོས་མགྲིན་གཅིག་ཏུ”དགེ་རྒན། མ་ལེ་ཞི་ཡའི་གནམ་གྲུ་རྙེད་བྱུང་ངམ”ཞེས་པར། ཁོང་གིས”རྙེད་མ་བྱུང་། རྙེད་མ་བྱུང”ཞེས་ཐེངས་གཉིས་ལ་འཕྲོ་རིམ་འཕྲོར་བཤད། ཉིན་དེ་དག་ཏུ་ངེད་འཛིན་གྲྭའི་སློབ་གྲོགས་དག་གི་གླེང་གཞིའི་ཁྲོད་དུ་མ་ལེ་ཞི་ཡའི་གནམ་གྲུ་གང་དུ་ལྷུང་སོང་བ་ཡིན་ནམ། ཕྱིའི་རྒྱ་མཚོའི་ནང་དུ་ལྷུང་སོང་ངམ། ཞེས་སློབ་ཁང་གི་གྱང་ལྡེབས་སུ་བཀལ་བའི་འཛམ་གླིང་ས་བཀྲའི་སྟེང་དུ་མཛུབ་མོས་འདེད། ངས་ནི་སྐབས་དེར”མ་ལེ་ཞི་ཡ”ཞེས་པའི་རྒྱབ་ཁབ་ཐོག་མར་ཐོས་པ་ཡིན་ལ། སློབ་གྲོགས་གཞན་པ་དག་ཀྱང་ཕལ་ཆེར་དེ་ལས་མ་འདས་པ་འདྲ། རྗེས་ཀྱི་འཚོ་བའི་ནང་ནས”མ་ལེ་ཞི་ཡ”ཞེས་པ་ཐོས་མ་ཐག་སྐབས་དེའི་རྣམ་པ་དྲན་པ་དང་། ས་བཀྲའི་ངོས་ཀྱི་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་ཆགས་དབྱིབས་དེ་ཡང་མིག་ལམ་དུ་ཡང་ཡང་འཆར།
      དེ་ལྟར་དམའ་གཅིག་དང་དམའ་གཉིས་རིམ་པའི་ལོ་ཟླ་དག་ཅི་བྱུང་འདི་བྱུང་མ་ཤེས་པར་འདས་སོང་དུ་གྱུར་བ་དང་། དམའ་གསུམ་དུ་སླེབས་མ་ཐག་ཁོང་གིས་ལོ་གཅིག་གི་ཡུན་དུ་ནམ་གུང་གི་ཆུ་ཚོད་ལྔའི་སྔོན་ལ་སླེབས་ནས་བློ་སྐྱོར་དང་རང་སྦྱོང་བྱེད་དགོས་པ་མ་ཟད། ཁོང་གིས་ཀྱང་མཇུག་མཐའི་ལོ་གཅིག་གི་དུས་ཡུན་ནང་དུས་ལྟར་ཆག་པ་མེད་པར་སླེབས་ཐུབ་པར་དམ་བཅའ་བྲག་འདྲ་བ་བཞག རྗེས་སུ་སློབ་གྲོགས་འགའ་རེ་དུས་ལྟར་མ་སླེབས་པའི་གནས་ཚུལ་ཡོད་ནའང་། ཁོང་ནི་ཉིན་གྲངས་སུམ་བརྒྱ་དྲུག་ཅུའི་ནང་གི་ཉིན་གཅིག་ལའང་མ་འགྱངས་མ་འཕྱི་པར་ང་ཚོའི་སློབ་སྦྱོང་ལ་མཐུན་རྐྱེན་མང་དུ་བསྒྲུབ་མྱོང་།
      མི་ལོ་གསུམ་རྒྱབ་ཏུ་བསྐྱུར་ནས་སྐད་ཡིག་གི་ཆེས་མཇུག་མཐའི་སློབ་ཐུན་དེར་ཁོང་གིས་ང་ཚོ་མི་རེ་རེའི་སྟེང་གི་དགེ་སྐྱོན་སོགས་བཤད་ཅིང་། བཟང་བ་རྒྱུན་སྐྱོང་རྒྱུ་དང་ངན་པ་བཅའ་དགོས་ཚུལ་ནན་གྱིས་བཤད། སྐབས་རེར་ཁོང་གིས་ང་ཚོ་བློས་གཏོང་མི་ཐུབ་པའི་རྣམ་འགྱུར་གྱིས་སློབ་གྲོགས་རེ་རེའི་གདོང་ལ་ཞིབ་ཏུ་བལྟས་ཤིང་། ལན་རེར་སྒོ་སམ་ངོས་སུ་ཅེར་ནས་སྨྲ་མེད་ངང་འདུག སློབ་གྲོགས་དག་གིས་ཀྱང་མགོ་བོ་དུད་ནས་མིག་ཆུ་འབྱིད་ཅིང་། ཁུ་སིམ་སིམ་གྱི་སློབ་ཁང་དེར་ཆུ་ཚོད་འཁོར་ལོའི་སྐར་ཆའི་ཐག་སྒྲ་དང་དབུགས་ཀྱི་འབྱིན་རྔུབ་ཕྲན་བུ་ཞིག་ལས་གྲགས་འགུལ་ཅི་ཡང་མི་གདའ། དེ་ཙ་ན་དགེ་རྒན་ཁོང་གིས་ཅི་ཞིག་བཤད་འདོད་ཀྱི་འདུན་པ་སྐྱེས་ཀྱང་མགྲིན་པ་བརྣངས་བྱུང་བས། དུས་གཅིག་ཏུ་མིག་ཆུའི་ཐིགས་པ་ཞིག་འཁུར་མགོ་ནས་ག་ལེར་ས་རུ་ལྷུང་བར་བསྟུན། སློབ་གྲོགས་དག་གིས་ཀྱང་སེམས་ཀྱི་སྐྱོ་བ་མ་ནོན་པར་ངུ་ངག་འབྱིན། སྐབས་དེར་ཕྱི་རོལ་ནས་རླུང་བུ་ཐོལ་གྱིས་ལྡང་ཡོང་ནས་དགེ་རྒན་མདུན་གྱི་དཔེ་དེབ་ཀྱི་ཤོག་ལྷེ་རེ་རེ་ཕར་ཚུར་ལ་བསྐྱོད་པ་དང་། རྣ་བར་གཟན་པའི་སློབ་ཁྲིད་ཀྱི་གྲོལ་བརྡ་དེས་ང་ཚོའི་ཆེས་མཇུག་མཐའི་སློབ་ཁྲིད་དེ་ལ་བཞི་ཤད་བྲིས་པ་དང་ལྷན། དགེ་རྒན་ལགས་བསམ་དབང་དྲན་དབང་མེད་པར་ཕྱི་རུ་བུད་སོང་། ང་ཚོས་མགྲིན་གཅིག་ཏུ”དགེ་རྒན”ཞེས་བོས་པར་དགེ་རྒན་གྱིས་གོམ་མཚམས་རེ་ཞིག་བཞག་ནའང་། དེ་མ་ཐག་ཕྱིར་བལྟས་ཙམ་ཡང་མེད་པར་ང་ཚོ་དང་རིང་དུ་བཞུད།
      ལོ་གསུམ་རིང་གི་སྐྱིད་སྡུག་མཉམ་མྱོང་ཁྲོད་དུ་ངེད་ཅག་གི་སེམས་སུ་དགེ་རྒན་ཁོང་ནི་དྲོད་དང་འོད་ཀྱི་ཕུང་པོ་ཉག་ཅིག་སྟེ། ཁོང་ལ་བཅངས་བའི་བརྩེ་སེམས་ནི་ལྷད་དང་བྲལ་བ་ཞིག་ཡིན་ལ། མ་ཟད་ཁོང་གི་རྣམ་དག་དང་ལྷག་བསམ་གྱི་སེམས་པས་ང་ཚོ་ལ་ཡལ་མེད་ཀྱི་རེ་བ་ཆེན་པོ་ཞིག་བཞག་ཡོད་པ་གདོན་མི་ཟ།
      ད་ནི་མི་ལོ་བཅུའི་ལོ་ཟླ་མཐའ་དག་འདས་སོང་དུ་གྱུར་ནའང་། དགེ་རྒན་ཁོང་གི་ཐུགས་རྗེ་དང་སྐུ་དྲིན་ངའི་ཤ་རུས་རྐང་གསུམ་དུ་ཐིམ་སོང་བ་ལྟར་བརྗེད་པའི་དུས་ནི་ཕྲན་ཙམ་མི་གདའ། ཁོང་གི་སྐུ་དྲིན་མི་ལོ་བཅུའི་ཆར་རླུང་ཙག་གསུམ་གྱིས་གཞོམ་མ་ནུས་པར་ད་དུང་ལ་ལུང་ཀུན་ཏུ་ཁྱབ་པའི་ང་དང་ངའི་སློབ་གྲོགས་ཚོའི་སེམས་ན་ཉི་མའི་འོད་ལྟར་གསལ། དེ་བས་ཁོང་ནི་ངེད་ཅག་ལ་སྐུ་དྲིན་རབ་ཏུ་ཆེ། བཀའ་དྲིན་ཤིན་ཏུ་མཐོའོ། །

        སྤེལ་དུས། : 2022-03-25

ཀློག་གྲངས་མང་ཤོས།

ནང་དོན་གསར་ཤོས།